བལ་ཡུལ་རྒྱལ་ཡོངས་ཀྱི་མི་འབོར་ཞིབ་བཤེར།
དེ་ནི་སྤྱིར་བཏང་བལ་ཡུལ་གཞུང་འབྲེལ་གྱིས་མི་ལོ་བཅུ་རེའི་མཚམས་སུ་གང་ཐུབ་ཀྱིས་རྒྱལ་ཡོངས་ཀྱི་མི་འབོར་གྲངས་བཤེར་བྱེད་ཀྱི་ཡོད་པ་འདས་པའི་ལོ་རབས་ ༩༠ ནས་ནང་ཁུལ་འཁྲུག་རྩོད་དང། ཆབ་སྲིད་དཀའ་རྙོག། ལྷག་པར་གཞུང་དང་དམར་ཕྱོགས་མའོ་རིང་ལུགས་པའི་ཚོགས་པའི་བར་དྲག་པོའི་འཐབ་འཁྲུག་བྱུང་བ་བཅས་ལ་བརྟེན། ད་བར་འཆར་གཞི་ལྟར་མི་གྲངས་ཞིབ་བཤེར་བྱེད་ཐུབ་མེད་པ་དང་། ད་ཆ་མི་ལོ་ ༢༠ ཙམ་གྱི་རྗེས་མི་གྲངས་ཞིབ་བཤེར་གྱི་ལས་གཞི་ཐོག་མ་ཟླ་འདིིའི་ཕྱི་ཚེས་ ༡༧ ཉིན་ནས་དངོས་སུ་འགོ་བཙུགས་ཏེ་མི་འབོར་ཞིབ་བཤེར་ལས་ཁུངས་དང་འབྲེལ་ཡོད་ལས་བྱེད་མི་སྣ་ཁྲི་གསུམ་ལྷག་རྫོང་དང་། ས་གནས། གྲོང་ཚོ་རིམ་པར་བགོ་འགྲེམས་བྱས་ནས་ཁྱིམ་ཚང་རེ་རེ་བཞིན་འདྲི་ཞིབ་ཀྱིས་མི་གྲངས་རྩིས་བཤེར་བྱེད་བཞིན་ཡོད་པ་རེད།
དེ་ལྟར་མི་གྲངས་ཞིབ་བཤེར་སྐབས་མཉམ་དུ་ཁྱིམ་ཚང་གི་གྲངས་ཀ་དང་། ཁྱིམ་ཚང་གཅིག་གི་མི་གྲངས། ནང་ལ་སྡོད་མཁན་དང་ཕྱི་ལ་སྡོད་མཁན། བྱིས་བ་དང་རྒན་པའི་གྲངས། ལས་ཀ་འཚོ་ཐབས། ས་ཁང་ཡོད་མེད་དང་ཁྱིམ་ཚང་གི་འབྱོར་པ། ཟིང་འཁྲུག་སྐབས་ཀྱི་བྲོས་བྱོལ་བ་ཡིན་མིན་སོགས་འདྲི་ཞིབ་བྱེད་བཞིན་པ་དང་། བལ་ཡུལ་གྱི་མི་འབོར་ཞིབ་བཤེར་ལས་ཁུངས་གི་འབྲེལ་ཡོད་མི་སྣས་གསར་ལམ་ཁག་ལ་བརྗོད་དོན། ད་ཐེངས་རྒྱལ་ཡོངས་སུ་ཞིབ་ཚགས་པོའི་སྒོ་ནས་མི་འབོར་གྲངས་བཤེར་བྱས་པ་བརྒྱུད་རྒྱལ་ནང་གི་གྲངས་ཉུང་མི་རིགས་ཚོའི་དཀའ་ངལ་གནད་དོན་ཐད་ཕན་ཐོགས་ཡོང་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད།
དེ་སྔ་ཕྱི་ལོ་ ༢༠༠༦ ལོའི་ཞིབ་འཇུག་གི་ཡིག་ཆ་ཁག་ལྟར་ན་བལ་ཡུལ་རྒྱལ་ཡོངས་སུ་སྐབས་དེར་མི་འབོར་ས་ཡ་ ༢༨ ལྷག་ཡོད་པ་དང་། དེའི་ཁོངས་ནས་བརྒྱ་ཆ་ལྔ་བརྒྱད་ཙམ་ལོ་ན་ ༡༥ ནས་ ༦༤ དང། བརྒྱ་ཆ་སོ་བརྒྱད་ལོ་ན་༡ ནས་ ༡༤བར། བརྒྱ་ཆ་བཞི་ལོ་ན་ ༦༤ བརྒལ་ཡོད་འདུག སྤྱིར་བཏང་བལ་ཡུལ་གྱི་ཡུལ་མིའི་ཕོ་མོ་ཆ་སྙོམས་ཚེ་ཚད་ལོ་ན་༦༤ ཡིན་པ་དང། ཟིང་འཁྲུག་ཁྲོད་མི་གྲངས་ ༡༥༠༠༠ ལྷག་རྐྱེན་འདས་སུ་སོང་ཚུལ་སོགས་འཁོད་ཡོད་པ་རེད།།
{jcomments on}