ཀརྨ་པ་དགུ་བརྒྱའི་དུས་དྲན་དང་བཀའ་བརྒྱུད་སྨོན་ལམ།
ཆུ་སྐྱེས་སྒྲོལ་མ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་འཁོད་དོན། བྱང་ཨ་མེ་རི་ཀའི་ཁུལ་དུ་རྟེན་གཞི་བྱས་ཡོད་པའི་ཀཾ་ཚང་དགོན་སྡེ་དང༌། ཆོས་ཚོགས་ཁག་ཐུན་མོང་གི་ཐོག་ནས། ཟླ་འདིའི་ཚེས་ ༢༢ ནས་ཚེས་ ༢༦ ཉིན་བར་ཁེ་ན་ཊའི་གྲོང་ཁྱེར་ཝན་ཁོ་ཝར་ལ་ཡོད་པའི་ཁྲ་འགུ་དགོན་པའི་ནང༌། ༼ཀརྨ་དགུ་བརྒྱའི་དུས་དྲན་༽ སྲུང་བརྩི་རྒྱ་ཆེ་བ་ཞིག་གནང་གི་ཡོད་པ་དང༌། ད་རེས་ཀྱི་དུས་དྲན་འདི་དང་སྟབས་བསྟུན་ནས། བྱང་ཨ་མེ་རི་ཀའི་ནང་རྟེན་གཞི་བྱས་པའི་དགོན་སྡེ་དང་ཆོས་ཚོགས་ཁག་ལྷན་འཛོམས་ཀྱིས་འཛམ་གླིང་ཞི་བདེར་དམིགས་པའི་༼༢༠༡༡ ལོའི་བྱང་ཨ་མེ་རི་ཀའི་བཀའ་བརྒྱུད་སྨོན་ལམ་༽ཡང་གོ་སྒྲིག་གནང་གི་ཡོད་པར། ཨ་རི་དང་ཁེ་ན་ཊ་གཙོས་པའི་ཡུལ་གྲུ་མང་པོའི་ནང་གནས་བཞུགས་བླ་སྤྲུལ་དགེ་འདུན་མང་པོ་འདུ་འཛོམས་གནང་གི་ཡོད་པ་རེད། ད་རེས་ཀྱི་མཛད་སྒོ་འདིར། ཆོས་ཕྱོགས་ནས་སྨོན་ལམ་དང༌། གར་འཆམ་སོགས་དང་འབྲེལ་བའི་ཆོ་ག་སྣ་ཚོགས་ཕྱག་བསྟར་གནང་གི་ཡོད་པ་ཕུད། གཞས་པ་དང་གཞས་མ་ཁག་ཅིག་ཆེད་དུ་མགྲོན་འབོད་ཀྱིས་རོལ་གཞས་ལྷན་ཚོགས་ཤིག་ཀྱང་གོ་སྒྲིག་ཞུ་ཡི་ཡོད་པ་རེད།
ཀརྨ་དགུ་བརྒྱའི་དུས་དྲན་མཛད་སྒོའི་ཆ་ཤས་དམིགས་བསལ་བ་ཞིག་ནི། ཀརྨ་དུས་གསུམ་མཁྱེན་པའི་འདྲ་སྐུ་གསུང་བྱོན་གདན་ཞུའི་སྐོར་ཆགས་ཡོད། འཛམ་གླིང་ཤར་ནུབ་ཡུལ་གྲུ་ཀུན་ཏུ་གནས་སྐོད་དད་ལྡན་སེར་སྐྱ་མང་ཚོགས་ལ་བྱིན་རླབས་འཇུག་པ་དང༌། དེ་བཞིན་བསོད་ནམས་ཀྱི་ཚོགས་གསོག་བླ་ན་མེད་པ་ཡོང་བར་དམིགས་ཏེ། ཤིན་ཏུ་ནས་རྩ་ཆེ་བ་དུས་གསུམ་མཁྱེན་པའི་སྐུ་བརྙན་གསུང་བྱོན་དེ་ལོ་ངོ་གཅིག་གི་རིང་དུས་དྲན་སྲུང་བརྩི་ཞུ་ཡུལ་ཁག་ཏུ་གདན་ཞུས་ཀྱིས་དད་ལྡན་མང་ཚོགས་ནས་མཇལ་ཁ་དང་བྱིན་རླབས་ཞུ་བའི་གོ་སྐབས་བླ་ན་མེད་པ་ཞིག་ཀྱང་མཛད་སྒོའི་ཆ་ཤས་སུ་བཀོད་སྒྲིག་གནང་ཡོད་པ་རེད།
ཀརྨ་པ་དགུ་བརྒྱའི་དུས་དྲན་ནི། དཔལ་རྒྱལ་བ་ཀརྨ་པ་སྐུ་ཐོག་དང་པོ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་ལོ་འཁོར་དགུ་བརྒྱ་འཁོར་བར་རྗེས་དྲན་ཞུ་བའི་དུས་དྲན་ཞིག་ཡིན་པ་དང༌། དུས་དྲན་འདི་ནི་ཕྱི་ལོ་༢༠༡༠ ཟླ་ ༡༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཐོག་མར་དབུ་འཛུགས་གནང་བ་དང༌། དུས་དྲན་དབུ་འབྱེད་ཐོག་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་གནང་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་ ༡༢ བར་ལོ་གཅིག་རིང་དུས་དྲན་སྲུང་བརྩི་གནང་གི་ཡོད་པ་དང། དུས་དྲན་སྲུང་བརྩི་འདིའི་དམིགས་ཡུལ་སྐོར། ལོ་སྔོན་མའི་ཕྱི་ཟླ་ ༡༢ པའི་ནང་གནས་མཆོག་རྡོ་རྗེ་གདན་ནས་དུས་དྲན་དབུ་འབྱེད་སྐབས་རྒྱལ་བ་ཀརྨ་པ་མཆོག་གིས་བཀའ་ཕེབས་གསལ་ལ། ལོ་༩༠༠ ལྷག་གི་ལོ་རྒྱུས་ཡོད་པའི་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་ཀརྨ་པའི་ཐུགས་རྗེའི་གྲིབ་བསིལ་འོག་འཚོ་མཁན་ཞིག་ཡིན་པའི་ཆ་ནས་ད་རེབས་ཀྱི་མཛད་སྒོ་འདི་ལོ་རྒྱུས་ཀྱི་བྱུང་རབས་ནང་རྗེ་ཀརྨ་པས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ཅི་བསྐྱངས་རྣམས་གསལ་འདེབས་དང༌། མ་འོངས་པར་ཡང་བསྟན་པ་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན། ཅེས་དང༌། གཞན་ཡང་ད་ལྟའི་དུས་རབས་འདིར་ཚན་འཕྲུལ་སོགས་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་ཡོད་ཀྱང༌། ནང་སེམས་ཀྱི་བདེ་བ་དེ་ཙམ་ཡར་རྒྱས་ཡོང་གི་མེད་སྟབས༌། གཞོན་རབས་ཚོས་ནང་ཆོས་ལས་གསུངས་པའི་ཡ་རབས་བཟང་སྤྱོད་ལས་བརྩམས་ཏེ། ནང་སེམས་ཀྱི་བདེ་བ་སྐྲུན་ཐབས་ལ་འབད་འབུངས་ཡོང་བའི་རེ་བའི་ཐོག་ནས་མཛད་སྒོ་འདི་གོ་སྒྲིག་གནང་བ་ཡིན་ཞེས་དུས་དྲན་འདི་སྲུང་བརྩིའི་དམིགས་ཕྱོགས་སྐོར་གསལ་སྟོན་གནང་ཡོད།
ཀརྨ་དུས་གསུམ་མཁྱེན་པ་མཆོག་ནི། ཡབ་སྒོམ་པ་རྡོ་རྗེ་མགོན་དང༌། ཡུམ་ལྷ་ཐོག་བཟའ་སྒང་ལྕམ་མིང་འདྲེན་གཉིས་ཀྱི་སྲས་སུ་བོད་རབ་བྱུང་གཉིས་པའི་ལྕགས་སྟག་ཕྱི་ལོ་༡༡༡༠ ལོར་སྐུ་བལྟམས་པ་དང༌། དགུང་ལོ་ལྔ་བཅུ་པར་མཚུར་ཕུར་བྱོན་ནས་གནས་དེར་དགོན་པ་དང་གཙུག་ལག་ཁང་ཆགས་པའི་ཐུགས་སྨོན་མཛད། དགུང་ལོ་བརྒྱད་ཅུ་བཞེས་པ་ས་བྱ་ཕྱི་ལོ་ ༡༡༨༩ ལོར་མཚུར་ཕུ་དགོན་པ་དངོས་སུ་ཕྱག་བཏབས་གནང་ནས་སྒྲུབ་བརྒྱུད་བསྟན་པ་དར་རྒྱས་ཡུན་གནས་ཀྱི་རྨང་བཏིངས། མཚུར་ཕུ་དགོན་པ་ནི་སྟོད་ལུང་དུ་ཡོད་ཅིང༌། དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན།
ཕྱི་ལོ་ ༢༠༡༠ ལོར་དུས་དྲན་མཛད་སྒོ་དབུ་འབྱེད་བསྐྱངས་ནས་བཟུང༌། རིམ་པས་འཛམ་གླིང་ཤར་ནུབ་ཀྱི་ས་ཁུལ་མངཔོ་ཞིག་ཏུ་ཡོད་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཁོངས་གཏོགས་དགོན་སྡེ་ཁག་དང༌། དེ་བཞིན་ཆོས་ཚོགས་ཁག་བཅས་ནས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་རིམ་པ་མང་པོ་ཞིག་སྤེལ་དང་སྤེལ་མུས་སུ་ཡོད་པ་རེད།
པར་དང་པོ། དུས་གསུམ་མཁྱེན་པའི་སྐུ་བརྙན།
པར་གཉིས་པ། ཁེ་ན་ཊར་ཡོད་པའི་ཁྲ་འགུ་དགོན་པ།
{jcomments on}