བོད་རང་བཙན་གྱི་བྱ་གཞག་ནི་འགྲོ་ལམ་ཟད་པ་རེད་ཟེར།

ཟླ་འདིའི་ཚེས་༢༤ ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་༧གོང་ས་མཆོག་ལ་ཆེད་དུ་མཚན་སྨད་བྱས་པའི་རྩོམ་པ་པོ་མི་གསལ་བའི་དཔྱད་གཏམ་མཁན་ཟེར་བས། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པས་ཡང་སྙིང་ཅི་ཞིག་ལ་སེམས་ཁྲལ་བྱེད་ཀྱི་ཡོད་དམ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ནས། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་སྤྱི་ཚོགས་རྙིང་པ་ལས་ལྷག་པའི་རོགས་རམ་བྱས་ལུགས་བརྗོད་འདུག

རྩོམ་ཡིག་དེའི་ནང་འཁོད་དོན། ཏཱ་ལ་དང་གཅིག་རམ་གཅིག་འདེགས་བྱེད་ཆེད་ཏཱ་ལའི་རུ་ཚོགས་ཀྱིས་སྦེལ་རྗམ་དུ་བཙུགས་པའི་དོན་གཅོད་ཁང་ཟེར་བ་དང། མིང་ལ་རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ལ་ངག་ཐོག་རྒྱབ་སྐྱོར་བྱེད་པའི་མཉམ་འབྲེལ་རྩ་འཛུགས་ཟེར་བའི་ཀྲུང་གོར་ངོ་རྒོལ་བྱེད་པའི་རྩ་འཛུགས་ཤིག་གིས་ཡུ་རོབ་ཀྱི་གྲོས་ཚོགས་སུ་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་ཚད་བརྒལ་དུ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་མངོན་སུམ་འཛེམས་མེད་ངང་དམའ་འབེབ་གཏོང་བ་དང། ཀྲུང་གོ་སྲིད་གཞུང་གི་སྲིད་ཇུས་ཀྱི་རྐྱེན་པས་བོད་ལྗོངས་ས་མཐོར་འབྲོག་པ་ཁྲི་༢༥༠ ཙམ་གྱི་འཚོ་གནས་དང། ལོ་༩༠༠༠ ཙམ་རྒྱུན་བསྲིང་བའི་དེའི་སྐྱས་སྤོས་ཀྱི་འཚོ་གནས་ཉེན་ཁའི་གནས་སུ་གྱར་ཡོད་ཅེས་དཀྲོག་གཏམ་བཤད་པ་རེད་ཅེས་འཁོད་འདུག

མུ་འཐུད་འཁོད་དོན། ཞི་བས་བཅིངས་འགྲོལ་མ་གཏོང་ཁོང་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བོད་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱིས་མི་མང་ལ་སྨྱོ་ཧམ་ཆེན་པོས་བཤུ་གཞོག་ཚད་མེད་བཏང་བ་ཕུད། སྣོད་བཅུད་འཛུགས་སྐྲུན་དང། ཁོར་ཡུག་སྲུང་སྐྱོང། དེ་བཞིན་མི་དམངས་ཀྱི་འཚོ་གནས་བཅས་ལ་སེམས་ཁུར་གཏན་ནས་བྱེད་ཀྱི་མེད། བོད་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་༩༥ ཟིན་པའི་ཞིང་བྲན་དང་བྲན་གཡོག་གི་འཚོ་གནས་ཀྱི་དབང་ཆར་ཡང་འགན་ལེན་བྱེད་མི་ཐུབ་པས་ཁོར་ཡུག་གི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་དེ་བས་སྤྲོས་བྲལ་རེད། སྐབས་དེ་དུས་བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་༣༥་༥ ལས་མེད་པ་དང། མི་འབོར་དུས་ཡུན་རིང་པོར་འཕེལ་མེད་སོར་གནས་སུ་གྱར་ནས་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་ལོ་༢༠༠ ལྷག་ཙམ་ནང་བོད་ཀྱི་མི་འབོར་སྔ་ཕྱི་བར་གསུམ་དུ་ཁྲི་༡༠༠ ཙམ་རེད་ཅེས་འཁོད་ཡོད་པ་རེད།

ད་དུང་འཁོད་དོན་དུ། སྐབས་དེ་དུས་བོད་ས་གནས་ཀྱི་དབང་བསྒྱུར་བ་མཐོ་ཤོས་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཡབ་གཞིས་ཁོ་ནར་གཞིས་ཀ་༢༧ དང། འབྲོག་ར་༣༠ ཡོད་པ་དང། ལོ་ལྟར་ཞིང་བྲན་དང་བྲན་གཡོག་གི་ས་ནས་བཤུ་གཞོག་བཏང་བའི་རྒྱུ་ནོར་གྱི་གྲས་སུ་བོད་དངུལ་སྲང་ཁྲི་༢༠༠ ལྷག་ཙམ་དང། ནས་ཁལ་༣༣༠༠༠ ལྷག་ཙམ། མར་ཁལ་༢༥༠༠ ལྷག་ཙམ། ནོར་ལུག་༣༠༠ སྣམ་བུ་སྦུབས་༡༧༥ བཅས་ཚུད་ཡོད། བོད་ཀྱི་རང་བྱུང་ཁོར་ཡུག་ཞན་པ་དང་ཞིང་བྲན་གྱི་འཚོ་གནས་ཀྱི་རྣམ་པའི་མདུན་དུ་ཏཱ་ལས་དངུལ་བཏང་ནས་ལེགས་སུ་གཏོང་རྒྱུའི་བསམ་བློ་འཁོར་མྱོང་ཡོད་དམ་ཞེས་འཁོད་འདུག

མུ་མཐུད་ད་ལྟའི་རྒྱ་གཞུང་གིས་འཕེལ་རྒྱས་ལེགས་སུ་གཏོང་བའི་སྐོར་འཁོད་དོན། ལོ་༦༠ རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྒོ་ཀུན་ནས་འཕེལ་རྒྱས་བྱུང་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་པའི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད་ཅེས་དང། སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་ལ་དམིགས་ཏེ་རང་སྐྱོང་ལྗོངས་ཀྱིས་བོད་ལྗོངས་ས་མཐོའི་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་རྒྱུ་སྲོག་ཤིང་དུ་བྱས་ནས་མ་འོངས་ལོ་ཉི་ཤུའི་ནང་སྣོད་བཅུད་བདེ་འཇགས་འགན་ལེན་གྱི་མ་ལག་དང། ཐོན་ཁུངས་རྒྱུན་སྲིང་ངང་བེད་སྤྱོད་གཏོང་བའི་མ་ལག ཁོར་ཡུག་སྤུས་ཚད་འགན་ལེན་གྱི་མ་ལག་སོགས་མ་ལག་བདུན་བསྐྲུན་རྒྱུ་ཡིན་ཚུལ་ཡང་འཁོད་འདུག

ད་དུང་ཏཱ་ལའི་བླ་མས། ཀྲུང་དབྱང་སྲིད་གཞུང་གིས་མཚོ་བོད་ས་མཐོའི་སྣོད་བཅུད་སླར་གསོ་དང། གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་མི་ལྟོས་པར་བོད་ཀྱི་ཁོར་ཡུག་གིས་ཀྲུང་གོ་དང་རྒྱ་གར་སོགས་མཐའ་འཁོར་རྒྱལ་ཁབ་མང་པོར་ཆག་སྒོ་བཟོ་རྒྱུ་རེད་ཅེས་སྒྲོ་བཏགས་འཇིགས་སྐུལ་བྱས་པ་དང། རྒྱ་གར་ལ་བོད་ཀྱི་སྣོད་བཅུད་ཁོར་ཡུག་དང་ལྷག་པར་དུ་འཁྱག་རོམ་མྱུར་དུ་བཞུར་བའི་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་དགོས་པའི་འོས་འགན་དང་འཁན་འཁྲི་ཡོད་ཅེས་དཀྲུག་ཤིང་རྒྱག་གི་ཡོད་པ་རེད་ཅེས་དང། ཁོ་པས་མི་བདེན་རྫུན་སྒྲིག་གིས་བོད་ཀྱི་ཁོར་ཡུག་ལ་སྦགས་བཙོག་ཐེབས་ཀྱི་ཡོད་ཅེས་སྐད་ཅོར་ཡང་ཡང་རྒྱག་པ་དེ་ཁྲོམ་ར་དེ་ཙམ་མེད་པའི་བོད་ཀྱི་གནད་དོན་ལ་རྒྱ་རྡོ་འཕར་མ་རྒྱག་པ་ཙམ་ཞིག་རེད། ཁོ་པས་སེམས་ཁྲལ་བྱེད་པ་ནི་ཁོ་པ་དང་འགྲོ་ལམ་ཟད་པའི་ཁོ་པའི་རུ་ཚོགས་དེའི་བོད་རང་བཙན་གྱི་བྱ་གཞག་ཅེས་སོགས་མཚན་སྨོད་ཀྱི་རྩོམ་ཡིག་དེའི་ནང་དུ་འཁོད་ཡོད་པ་རེད།།