ཨ་རིའི་སྲིད་འཛིན་ཨོ་བྷ་མས་པཱ་ཀི་སི་ཐན་ལ་ཉེན་བརྡ།
ཁོང་གིས་བརྗོད་དོན། ང་ཚོས་པཱ་ཀི་སི་ཐན་གྱི་སྲིད་གཞུང་དང་ལྷན་དུ་དྲག་སྤྱོད་ཀྱི་འཇིགས་སྐུལ་རིང་ལུགས་པ་དེ་རྣམས་རྩ་མེད་བཟོ་རྒྱུ་ཡིན་པ་དང། པཱ་ཀི་སི་ཐན་གྱིས་ཁས་ལེན་བྱས་ཡོད་པ་རྣམས་ལག་ལེན་བསྟར་བར་རྟིང་སྐུལ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
སྲིད་འཛིན་ཨོ་བྷ་མའི་གསུང་བཤད་དེར་གཞིག་ན། ཉེ་ཆར་པཱ་ཀི་སི་ཐན་ནང་དུ་བྷིན་ལ་དྷན་རྐྱེན་ལམ་དུ་བཏང་བའི་རྗེས་ཨ་རི་དང་པཱ་ཀི་སི་ཐན་གཉིས་ཀྱི་འབྲེལ་ལམ་དེ་སྡུག་ཏུ་ཕྱིན་ཡོད་པའི་རྣམ་པ་མཚོན་གྱི་ཡོད་པ་རེད། ད་དུང་ཁོང་གིས་ནན་པོའི་ཐོག་གསལ་བཤད་གནང་དོན། ཨ་རིའི་མི་སེར་གསོད་པའི་དམིགས་ཡུལ་བཟུང་མཁན་གྱི་མི་རྣམས་ལ་མཐུན་རྐྱེན་སྦྱོར་བའི་གནས་ཡུལ་དེ་དག་གི་ཐོག་ཏུ་ད་དུང་ཡང་རྒོལ་རྡུང་དེ་ལས་མང་བ་གཏོང་རྒྱུར་རྟག་ཏུ་གྲ་སྒྲིག་ཡོད་པ་དང་དེ་ལ་ཐེ་ཚོམ་གང་ཡང་མེད་ཅེས་དང། ང་ཨ་རིའི་སྲིད་འཛིན་ཡིན་པ་དེ་སྲིད་དུ་ང་ཚོ་གསོད་པའི་དམིགས་ཡུལ་བཟུང་མཁན་གྱི་མི་རྣམས་ལ་མཐུན་རྐྱེན་སྦྱོར་བ་དེ་ལ་ནམ་ཡང་བཟོད་བསྲན་བྱེད་རྒྱུ་མིན། ཁོ་ཚོས་ང་ཚོ་ལ་གཡོལ་ཐབས་བྱེད་མི་ཐུབ་པ་མ་ཟད། ཁོ་ཚོ་ལ་ཕོག་འོས་པའི་ཁྲིམས་ཆད་དེ་ལས་ཐར་བར་བྱེད་ཐུབ་ཀྱི་མ་རེད་ཅེས་བསལ་བརྗོད་བྱས་ཡོད་པ་རེད།
ད་དུང་ཁོང་གིས་པཱ་ཀི་སི་ཐན་ལ་དམིགས་ནས་བརྗོད་དོན། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེའི་ནང་དུ་འཇིགས་སྐུལ་བ་གནས་ཡོད་ན། ལུང་པ་དེ་ལ་དེ་ལས་ཀྱང་ཉེན་ཁ་ཆེན་པོ་ཡོད་པ་སྨྲོས་མི་དགོས་པ་རེད་ཅེས་དང། ཁུལ་དེར་ནང་ཁུལ་དམག་འཁྲུག་གི་འཐབ་བརྩོད་འོག་ཏུ་འགྲོ་བཞིན་པ་དེ་ལས་སླར་ལྡོག་སྟེ། ཞི་བདེ་ཡོང་བའི་ཆེད་དུ་པཱ་ཀི་སི་ཐན་གཞུང་གིས་ཕྱོགས་ཡོངས་ནས་མཉམ་ཞུགས་དགོས་པར་མུ་མཐུད་རྟིང་སྐུལ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
སྲིད་འཛིན་ཨོ་བྷ་མས་གཏམ་བཤད་དེ་མ་སྤེལ་བའི་གོང་དུ་པྰ་ཀི་སི་ཐན་གྱི་སྲིད་འཛིན་ཛར་དྷ་རི་ལ་ཁ་པར་བཏང་བའི་སྐོར་པྰ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣས་འགྲེལ་བརྗོད་བྱས་ཡོད་འདུག
ཉེ་ཆར་པཱ་ཀི་སི་ཐན་གྱི་ས་ཐོག་ཏུ་ཨོ་སཱ་མ་བྷིན་ལ་དྷན་རྐྱེན་ལམ་དུ་བཏང་བ་དེས་པཱ་ཀི་སི་ཐན་གྱི་དམག་དཔུང་ལ་ངོ་ཚ་པོ་བཟོས་ཡོད་པ་དང། ཕྱོགས་མང་པོ་ཞིག་ནས་པཱ་ཀི་སི་ཐན་གྱི་ཐོག་ལ་སྐྱོན་བརྗོད་ཀྱང་མང་པོ་ཡོང་དགོས་པ་བཟོས་ཡོད་པ་རེད། ཨ་རི་ཡིས་པཱ་ཀི་སི་ཐན་སྲིད་གཞུང་གི་ཐོག་ལ་འཇིགས་སྐུལ་བ་རྣམས་རྩ་མེད་བཟོ་དགོས་པའི་གནོན་ཤུགས་སྤྲོད་པ་དང་ཆབས་ཅིག ཨབ་གྷ་ནིི་སི་ཐན་དང་ས་མཚམས་སྦྲེལ་བའི་པཱ་ཀི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་ཨལ་ཁེ་དྷ་དང་ཏཱ་ལི་བྷན་འཇིགས་སྐུལ་བ་ཚོའི་ཐོག་ལ་མཁའ་དབྱིངས་ནས་མེ་ཤུགས་འཕུར་མདའ་འཕངས་ཏེ་ཚོགས་པ་དེ་གཉིས་ཀྱི་འགོ་ཁྲིད་རྣམས་རིམ་བཞིན་རྩ་མེད་དུ་བཏོང་བཞིན་ཡོད་པ་རེད།།