བོད་ནང་མནར་གཅོད་མྱུར་དུ་མཚམས་འཇོག་དགོས།
ཟླ་འདིའི་ཚེས་༢༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་༧ ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག བོད་ཡུལ་སྤྱི་དང་ལྷག་པར་ཉེ་བའི་ཆར་བོད་མདོ་ཁམས་ཏྲེ་ཧོར་ས་ཁུལ་དཀར་མཛེས་རྫོང་དང་། ཉག་རོང་རྫོང་སོགས་ཀྱི་མི་མང་གིས་ཞི་རྒོལ་བ་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པར་ངོ་རྒོལ་དང་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
བོད་དོན་ལས་འགུལ་བ་ཚོར་རྒྱ་གཞུང་གི་ཡ་ང་བའི་དྲག་གནོན་དང་འཇུ་བཟུང་བྱེད་པའི་སྲིད་ཇུས་ལ་ངོ་རྒོལ་ཡོད་པ་གསལ་བོ་མཚོན་ཆེད་དང་། གཞན་ཡང་གཞིས་ལས་རྒྱ་ཆེའི་མི་མང་གིས་ཚེ་སྲོག་བློས་གཏོང་གིས་བརྩམས་པའི་ལས་འགུལ་འདི་དག་འཛམ་གླིང་ཐོག་རྒྱ་ཁྱབ་ཏུ་འགྲོ་ཐུབ་ཆེད་དུ་སྨོན་ལམ་ཞལ་འདོན་དང་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་འདི་འདྲ་སྤེལ་བ་ཡིན་སྐོར་གོ་སྒྲིག་པས་ངོ་སྤྲོད་བྱས་སོང་།
དེ་ཡང་ལས་འགུལ་དེའི་ནང་མཉམ་ཞུག་གནང་མཁན་དགའ་ལྡན་ཤར་བྱང་གཉིས་དང་། རྙིང་དགོན་རྡོ་བྲག་གསང་སྔགས་ཆོས་འཁོར་གླིང་བཅས་ཀྱི་གྲྭ་མང་དང་། མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་མི་མང་གིས་ལག་ཏུ་མར་མེ་དང་བོད་ཀྱི་རྒྱལ་དར་ཐོག་ནས་བྱང་ཆུབ་སེམས་མཆོག་མ་གྱེར་བཞིན་ཁོངས་སོ་སོ་ནས་གདན་ས་ཆེན་པོ་དགའ་ལྡན་བླ་སྤྱིའི་འདུ་ཁང་བར་ཞི་བའི་གོམ་བགྲོད་ཀྱིས་ཕེབས་ཡོད་པ་རེད།
ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས། བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་རྗེས། གོ་སྒྲིག་གནང་མཁན་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་ལས་འགུལ་སྤེལ་དགོས་དོན་སྐོར་ངོ་སྤྲོད་བྱས་པ་དང་། དེ་རྗེས་དགའ་བྱང་དགེ་སྐོས་དགེ་འདུན་ཤཀྱ་མཆོག་ནས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་དོན། ང་ཚོས་འདི་ལྟར་ལས་འགུལ་སྤེལ་དགོས་དོན་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་མཁན་གཞིས་ལུས་རྒྱ་ཆེའི་མི་མང་ལ་རྒྱ་གཞུང་གིས་ཚད་ལས་བརྒལ་བའི་ཉེས་རྡུང་དྲག་གནོན་དང་འཛིན་བཟུང་བཙོན་འཇུག་སོགས་བྱས་དང་བྱེད་བཞིན་ཡོད་པ་གཅིག་དང་། ལྷག་པར་རྒྱ་གཞུང་གིས་གྲྭ་བཙུན་ཚོར་ཉེས་མེད་སྲོག་ཐོག་དང་ཉེས་རྡུང་ཁྲིམས་ཆད་སོགས་ཚད་ལས་བརྒལ་བའི་ཉེས་ཆད་གཅོད་བཞིན་ཡོད་པ་དེ་ནི་བོད་བརྒྱུད་ནང་བསྟན་རྩ་མེད་བཟོ་རྒྱུའི་ངན་འཆར་ཡིན་པ་གསལ་བོ་རེད། དེ་ལ་ང་ཚོའི་ངོས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་རེད། བོད་ཀྱི་རིག་གཞུང་ངམ་བོད་བརྒྱུད་ནང་བསྟན་འདི་མེད་བརླགས་སུ་སོང་ན་བོད་པ་ཙམ་མ་ཟད། འཛམ་གླིང་ཡོངས་ལ་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད་པས། འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཚོགས་པ་དང་མི་སྒེར་བཅས་ཀྱི་ངོས་ནས་བོད་དང་བོད་བརྒྱུད་ནང་བསྟན་ཀྱི་ཆོས་ལུགས་འདིའི་གནས་སྟངས་གང་ཐུབ་ངོ་སྤྲོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མདོར་ན་རྒྱ་གཞུང་གིས་བོད་མིར་མི་སྤྱོད་ལས་འདས་པའི་ཚབས་ཆེན་གྱི་དམ་དྲག་མནར་གཅོད་གཏོང་བཞིན་ཡོད་པ་སོགས་མྱུར་དུ་མཚམས་འཇོག་བྱེད་ཆེད་དང་། ལྷག་པར་དུ་གཞིས་བཞུགས་རྒྱ་ཆེའི་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དང་། དེ་བཞིན་༧གོང་ས་མཆོག་གི་དགོངས་གཞི་ཇི་བཞིན་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ནས་བོད་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་ཤར་ཆེད། དེ་རིང་ནང་བཞིན་ཆིག་སྒྲིལ་ཐོག་ལས་འགུལ་འདྲ་མིན་སྤེལ་དགོས་པ་དང་། དགེ་འདུན་པ་ཚོ་ཡིན་ན་ཡང་ཐུགས་སྨོན་སྐྱབས་འཇུག་རྒྱ་མི་ཆུང་བ་གནང་རོགས་ཞེས་གསུངས་སོང་། མོན་གྷོ་ནས་ས་གནས་གསར་འགོད་པས།