ཀིརྟི་དགོན་པ་ད་དུང་རྒྱ་དམག་གིས་བསྐོར་ཡོད་འདུག
རྐྱེན་དེ་ལ་བརྟེན་ནས་ཕྱི་ཟླ་ ༣ ཚེས་ ༢༠ ཡས་མས་སུ་རྔ་པ་རྫོང་སྤྲོ་ཚིགས་ཞང་ཀ་ཉག་སྡེ་བའི་བར་མ་ཚང་གི་དཔལ་འབྱོར། རང་ལོ་ ༣༨ ཡིན་པ་ཁོང་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་ལ། ཁོང་གསུམ་པའི་བཅུ་དྲུག་གི་མི་མང་ཡར་ལངས་སྐབས་མཉམ་ཞུགས་བྱས་པའི་དོགས་གཞིའི་འོག་བཟུང་བ་ཞིག་ཡིན་འདུག ཁོང་གི་ཕ་མིང་ལ་རྒྱ་མཚོ་ཞུ་བ་སྔ་མོ་ནས་འདས་ཟིན། མ་མིང་ལ་སྒྲོན་མཚོ་ཞུ་བ་སྙིང་གི་ན་ཚ་ཡོད་སྟབས་ཁོང་འཛིན་བཟུང་བྱས་ནས་ཟླ་བ་གསུམ་ལྷག་སོང་རིང་གསང་བ་བྱས་ཏེ་ཤེས་སུ་བཅུག་མེད་འདུག ཁོང་གི་ཁྱིམ་དུ་བཟའ་ཟླ་དང་བུ་ཕྲུག་གཉིས་བཅས་ནང་མི་གསུམ་ཡོད།
དེང་སྐབས་ཀྱི་རྔ་པ་ཀིརྟི་དགོན་པའི་མཐའ་ཚང་མ་སྔར་བཞིན་དམག་མིས་བསྐོར་ནས་ཕྱི་ནང་གི་འགྲོ་འོང་བཀག་བསྡོམས་བྱེད་མུས་ཡིན་པ་དང། ནང་དུ་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་མུ་མཐུད་སྤེལ་མུས་ཡིན་པ་དང། རྒྱ་གཞུང་གི་ལས་བྱེད་པ་བཞི་བརྒྱ་ཡས་མས་རྒྱུན་དུ་དགོན་པའི་ནང་བསྡད་ཅིང་། དེ་མིན་ཉེན་རྟོག་པ་དང་དམག་མི་དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་དགེ་འདུན་པ་རྣམས་ཀྱི་ཉིན་མཚན་དུས་དྲུག་གི་འགྲོ་འདུག་སྤྱོད་གསུམ་ལ་དངོས་སུ་བྱ་ར་བྱས་ནས་ཡོད་པ་མ་ཟད། བརྙན་ཕབ་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་རིགས་དགོན་པའི་ཕྱོགས་ཚང་མར་བཀར་ནས་ཡོད་པས་དགེ་འདུན་པ་རྣམས་ལ་སུན་གཙེར་བྱེད་མུས་ཡིན་འདུག་པ་དང་། མཚམས་རེར་དགེ་འདུན་པ་རེ་ཟུང་ཁྲོམ་སོགས་ལ་གཏོང་གི་ཡོད་ཀྱང་འགན་ལེན་པ་ཡིན་ཟེར་བའི་ལས་བྱེད་པ་རེས་རྗེས་འདེད་བྱེད་བཞིན་འགྲོ་གི་ཡོད་འདུག དེང་སྐབས་ཀྱི་བོད་ཟླ་བཞི་པ་ནི་རྒྱུན་ལྡན་གྱི་དགོན་པའི་ཆོས་མཚམས་ཆེན་མོ་ཡིན་ཞིང་། སྐབས་དེར་འབྲོག་ཕྱོགས་ཀྱི་སྡེ་བ་མང་པོས་སྤྱི་སྒེར་གྱི་ཞབས་བརྟན་ཁག་བསྒྲུབ་རྒྱུ་སོགས་ལ་དགེ་འདུན་པ་རྣམས་གཏོང་རྒྱུའི་རེ་བ་ཆེན་པོ་བྱས་དང་བྱེད་མུས་ཡིན་ཡང་རྒྱ་གཞུང་གིས་བསམ་ཤེས་གཏན་ནས་བྱས་མེད་འདུག །
གནས་ཚུལ་གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་དྷ་ས་ནས་མཁོ་གཏོང་བྱས།