ཐོབ་ཐང་འཐབ་རྩོད་པ་ཧུའུ་ཅཱ་གློད་གྲོལ།
རང་ལོ་༣༧ ལ་སོན་པ་ཧུའུ་ཅཱ་ནི། ཕྱི་ལོ་༢༠༠༨ ལོར་པེ་ཅིང་དུ་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་མ་འཚོག་གོང་རྒྱལ་ཁབ་གི་སྲིད་གཞུང་མགོ་རྟིང་སློག་མཁན་དང། ཕྱི་ཚོགས་རིང་ལུགས་རྩ་མེད་བཟོ་བའི་ནག་ཉེས་གཡོགས་ནས་བཙོན་འཇུག་བྱས་པ་ཞིག་ཡིན་པ་རེད། ཁོང་གིས་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་བཙུགས་ས་ནི། གཉན་ནད་རེག་དུག་ཡོད་པའི་རྒྱ་མི་ནད་པ་ཚོའི་ཐོབ་ཐང་ཆེད་དུ་ཡིན་པ་རེད།
ད་ཆ་ཁོང་བཙོན་ནས་གློད་གྲོལ་དུ་བཏང་བའི་རྗེས་སུ་ཡང་ལོ་གཅིག་རིང་ཆབ་སྲིད་ཀྱི་ལས་དོན་སྤེལ་བའི་ཐོབ་ཐང་མེད་པར་བརྟེན་གཞན་ལ་ཁྱབ་བསྒྲགས་སོགས་གང་ཡང་བྱེད་རྒྱུ་མིན་པ་དང། དུས་ཡུན་དེའི་རིང་རང་གི་མཆིན་པའི་ནད་གཞི་ལ་སྨན་བཅོས་དང་རང་གི་ཁྱིམ་ཚང་ལ་ལྟ་སྐྱོང་བྱེད་རྒྱུ་བཅས་ཡིན་པ་རེད་ཅེས་ཁོང་གི་བཟའ་ཟླ་ཙེང་ཅཱིན་ཡན་གྱིས་ཊུའུ་ཊར་དྲ་གནས་ཐོག་བརྗོད་ཡོད་པ་རེད།།