སྲིང་ཆུང་མ།

སྲིང་ཆུང་མ།

ཁྱོད་ཀྱི་ལས་དབང་དེ་ཞན་སོང་།

ཁྱོད་ཀྱི་སྤྱང་གྲུང་གོས་ཧྲུལ་བཞིན་རི་སྐད་དུ་རུལ་སོང་ལ།

ཁྱོད་ཀྱི་ལང་འཚོའི་མེ་ཏོག་སྦྲ་འོག་ཏུ་སད་སོང་།

ད་དུང་ཁྱོད་ཀྱིས་སློབ་ཆུང་སྐབས་སྦྱོང་ཟིན་པའི་ཀ་ཁ།

ད་ལྟ་ཕ་ཆེར་མཐོང་ཐོས་མེད་པའི་དངོས་རྫས་ཞིག་ལྟར་གྱུར་ཟིན་ངེས།

སྲིང་ཆུང་མ།

ངས་ཉིན་རེ་བཞིན་ཁྱེད་ཀྱི་ལས་དབང་དེ་བསམ་ཞོར།

ང་ལ་བརྗོད་མི་ཤེས་པའི་ཚོར་སྣང་དུ་མ་སླེབས་མྱོང་ལ།

བཞུད་མི་ཚར་བའི་མིག་ཆུའི་འཕྲེང་ཐག་འཐེན་པ་ཡང་ཉུང་ཉུང་མིན།

འོན་ཀྱང་། དེ་ནི་ལས་དབང་ཟེར་བ་དེ་ཡིན་ཤས་ཆེ་ལ།

དེ་ནི་ལས་དབང་ལས་གཞན་ཞིག་ལ་འགྲེལ་ཐབས་བྲལ།

ལས་དབང་དང་རྒྱུ་འབྲས་་་་་་

རྟེན་འབྲེལ་དང་རྣམ་སྨིན་སོགས་ལ་ཇི་ལྟར་འགྲེལ་ཡང་ཐུག་ས་ནི་ཁྱེད་ཀྱི་འཚོ་བ།

ཁྱེད་ཀྱི་དཀའ་སྡུག་་་་་་་་ན་མ་ཟིན་སྔོན་ལ་རྒས་ཟིན་པའི་ཁྱེད་ཀྱི་ལང་འཚོ།

མ་བཏབ་སྔོན་དུ་སད་ཟིན་པའི་ཁྱོད་ཀྱི་ཐམས་ཅད་མ་ཡིན་ནམ།

གང་ལྟར་ཡང་་་་་་་

སྲིང་ཆུང་མ།

ཁྱོད་ཀྱི་སྤྱོད་བཞིན་པའི་འཚོ་བ་དེ་ངའི་དྲན་འཛིན་དུ་འཁོར་ཚེ།

ངའི་སློབ་སྦྱོང་ལ་ཤུགས་སྣོན་དགོས་པའི་སྐུལ་མ་ཞིག་ཏུ་གྱུར་ལ།

ངས་ང་གཉིས་སློབ་ཆུང་དུས་ཀྱི་འདས་དོན་ལ་བསམ་ཚེ།

དེ་ཡང་ཁྱེད་ཀྱིས་ཆེས་སྐུལ་མ་ནན་ཤོས་ཤིག་ཏུ་གྱུར།

དེར་བརྟེན་སྲིང་ཆུང་མ་་་་་་་

ཁྱོད་ཀྱི་ལས་དབང་དེ་ཞན་སོང་མོད་་་་་འོན་ཀྱང་།

ད་དུང་ཁྱོད་ལ་བློ་གཏད་བྱ་སའི་ཕ་མ་ཡོད་ལ།

སྐྱོ་སྡུག་བཤད་སའི་ནུ་བོ་ཞིག་ཀྱང་ཡོད་སྟབས།

རང་སེམས་རང་གིས་སོས་དང་།

སྐྱེ་བ་ཚང་མར་སློབ་སྦྱོང་གི་གོ་སྐབས་ཐོབ་མི་སྲིད་ལ།

ཐོབ་པ་ཚང་མ་མཁས་དབང་དུ་ནམ་ཡང་གྱུར་མི་སྲིད་པས།

ཁྱེད་རང་ཆེས་ཉམས་དམའ་ཤོས་དང་ཐབས་སྐྱོ་ཤོས་ཤིག་མ་ཡིན།

སྲིང་ཆུང་མ་་་་་་་

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཕྱི་ལོ་ 2008 ལོར།