ཀརྨ་པའི་འཁྲུངས་སྐར་སྲུང་བརྩི་ལ་བལ་ཡུལ་སྐོར་སྲུང་བས་ལྟ་སྲུང་།

བལ་ཡུལ་དུ་ཀརྨ་སྲི་ཞུ་ཚོགས་པས་གོ་སྒྲིག་བྱས་བ་ལྟར། སྤྱི་ཚེས་ ༢༦ ཉིན་མཆོད་རྟེན་ཉེ་འགྲམ་དཔལ་དིལ་ཡག་དགོན་དུ་ཧི་མ་ལ་ཡའི་རི་རྒྱུད་བཀའ་བརྒྱུད་ནང་བའི་ཆོས་དད་པ་དང་། བོད་མི་སོགས་སེར་སྐྱ་མང་པོ་འཛོམས་ནས་དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་དགུངས་གྲངས་ ༢༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་། ཀརྨ་པ་དུས་གསུམ་མཁྱེན་པ་རྒྱལ་བའི་འཕྲིན་ལས་ཀྱི་བྱེད་པོ་ཉིད་སྐུ་བསྟམས་ནས་མི་ལོ་ ༩༠༠ འཁོར་བའི་རྗེས་དྲན་མཛད་སྒོ་མཉམ་དུ་སྤེལ་སྐབས། སྔར་དང་མ་འདྲ་བར་བལ་ཡུལ་ས་གནས་ཉེན་རྟོག་པ་མང་པོ་ཡོང་ནས་ཀརྨ་བའི་སྐུ་པར་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ལ་ཞབས་སྐོར་དུ་གདན་ཞུ་བྱེད་དུ་བཅུག་མེད་པ་དང་། དེའི་ཐོག་མཛད་རིམ་ཁག་དགོན་པའི་ནང་ཁུལ་ནས་སྤེལ་དགོས་བ་ལས་ཕྱི་ལ་ཐོན་མི་ཆོག་པ་དང་། དེ་ཡང་ཞི་འཇམ་ཐོག་བྱེད་དགོས་བ་སོགས་གོང་རིམ་གྱི་བཀའ་ཡིན་ཚུལ་གྱིས་བཙན་བཀའ་བཏང་ཡོད་འདུག།

karma 020དེ་ལྟར་དགོན་པའི་ལྕགས་རིའི་ནང་ཁུལ་ནས་སྤེལ་བའི་མཛད་སྒོའི་ཐོག་བལ་ཡུལ་རྒྱལ་ཡོངས་ནང་བའི་ཚོགས་ཆེན་གྱི་གནད་ཡོད་མི་སྣ་དང་། ཀརྨ་སྲི་ཞུ་ཚོགས་པའི་གནད་ཡོད་མི་སྣ། བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་སོགས་ཕེབས་ནས་འཁྲུངས་སྐར་རྟེན་འབྲེལ་གྱི་གཏམ་བཤད་སྤེལ་ཡོད། སྐབས་དེར་བལ་ཡུལ་རྒྱལ་ཡོངས་ནང་བའི་ཚོགས་ཆེན་གྱི་དྲུང་ཆེ་འཇིགས་བྲལ་ཤར་པས་བལ་ཡུལ་གཞུང་དང་ཉེན་རྟོག་པས་ནང་བའི་ཆོས་ཕྱོགས་བྱེད་སྒོ་ཁག་ལ་དྲམ་དྲག་གི་སྲིད་ཇུས་སྤེལ་བཞིན་པར་བློ་ཕམ་དང་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། འདི་སོ་སོའི་ཡུལ་མི་ནང་བའི་ཆོས་དད་པ་ཚོར་དཀའ་ངལ་སྤྲོད་གཞི་ལ་གྱུར་བཞིན་པས་ན་གཞུང་ཕྱོགས་ནས་དབྱེ་མཚམས་གསལ་བོ་ཕྱེ་ནས་མ་འོངས་བར་གནས་སྟངས་འདིའི་རིགས་མི་ཡོང་བ་བྱེད་དགོས་རྒྱུའི་འབོད་སྐུལ་དང་། བྱ་སྤྱོད་སྤེལ་སྟངས་དེ་དག་ནང་བའི་མི་རིགས་ཚོས་ནམ་ཡང་ངོས་ལེན་བྱེད་ཐབས་མེད་ལུགས་སོགས་བརྗོད་ཡོད། སྐབས་དེར་ད་དུང་ཉེ་འཁོར་དགོན་སྡེ་ཁག་གཅིག་ནས་མཛད་སྒོར་ཕེབས་མཁན་དགེ་འདུན་པ་ཚོའི་སྤྱི་སྤྱོད་རླངས་འཁོར་ས་གནས་ཉེན་རྟོག་སྐོར་སྲུང་བས་ལམ་བར་ནས་བཀག་པ་དང་། འཕྲེད་དར་སོགས་འཕྲོག་སྐབས་དེར་ཡོད་པའི་བལ་ཡུལ་ནང་བའི་མི་སེར་ཡིན་པ་དགེ་འདུན་པ་ཚོས་ཁོང་ཁྲོ་ལངས་ནས་ཕན་ཚུན་གདོང་ཐུག་ཤོར་ཡོད་པ་རེད་འདུག

བལ་ཡུལ་དུ་ས་གནས་ཡུལ་མི་བཀའ་བརྒྱུད་ཆོས་དད་པ་ཚོས་བཙུགས་པ་དང་གཞུང་ལ་དེབ་བསྐྱེལ་ཡོད་པའི་ཀརྨ་སྲི་ཞུ་ཚོགས་པས་གོ་སྒྲིག་བྱས་ཏེ་ལོ་ལྟར་བྱེད་སྒོ་འདྲ་མིན་སྤེལ་ནས་ཀརྨ་པ་སྐུ་ཕྲེང་ ༡༧ པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱེད་བཞིན་པར་ཧ་ཅང་གི་དྲ་རྒྱས་པོ་ཡོད་པ་དང་། ད་ལོར་གཞུང་ཕྱོགས་ནས་དམ་དྲག་ཚོས་འཛིན་བྱས་བ་ཐོག་མ་ཡིན་པ་རེད་འདུག

དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནི་རབ་བྱུང་བཅུ་བདུན་པའི་ཤིང་གླང་༡༩༨༥ལཱུའི་བོད་ཟླ་༥ ཚེས་༨ ཉིན་མདོ་ཁམས་ལྷ་ཐོག་ཁུལ་དུ་ཡབ་ཀརྨ་དོན་འགྲུབ་བཀྲིས་དང་ཡུམ་བློ་དགའ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དེ་ལྟར་གོང་མའི་ཞལ་ཆེམས་དང་ར་འཕྲོད་བྱུང་དོན་བཞིན་ཏཱ་སི་ཏུ་དང༌། མཚུར་ཕུ་རྒྱལ་ཚབ་རྣམ་གཉིས་ཀྱིས་ྋགོང་ས་མཆོག་ལ་སྙན་ཞུ་ཕུལ་བའི་ཕྱིར་ཕེབས་སུ་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་ཐག་གཅོད་བྱུང་། ཕྱི་ལོ་༢༠༠༡ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པ་དང་། ད་ལྟའི་ཆར་ཁོང་ཉིད་རྒྱ་གར་གཞུང་གིས་སྲུང་སྐྱོབ་འོག རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་དཔལ་ལྡན་བརྒྱུད་སྟོད་གྲྭ་ཚང་དུ་གནས་བཞུགས་གནང་ཡོད་པ་རེད།