དད་པ་གཙོ་བོ་བྱས་ནས་འགྲོ་བ་དེས་ཚད་ལོངས་ཀྱི་མ་རེད།
ཟླ་འདིའི་ཚེས་༢༨ དང་༢༩ ཉིན་གཉིས་རིང་ཝེ་ཏི་ནཱམ་གྱི་ནང་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༧གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་ཚེས་༢༨ ཀྱི་ཞོགས་པར་དབུ་འཛུགས་གནང་ཡོད་པ་རེད།
ཞོགས་པའི་ཆུ་ཚོད་༩ དང་ཕྱེད་ཀའི་ཐོག་༧གོང་ས་མཆོག་ཕོ་བྲང་ནས་གཙུག་ལག་ཁང་དུ་ཆིབས་བསྒྱུར་གནང་ཞིང་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་གིས་གུས་པ་ཆེན་པོས་ཕེབས་བསུ་ཞུས། དེ་ནས་བཞུགས་ཁྲིར་འཁོད་རྗེས། ༧གོང་ས་མཆོག་གིས་ཐོག་མར་བཀའ་སློབ་གནང་དོན། ང་རང་ཚོའི་སངས་རྒྱས་ཀྱི་ཆོས་ཟེར་བ་དེ་ག་འདྲ་ཡིན་མིན་གོ་རྟོགས་མེད་པར། སངས་རྒྱས་པའི་ཆོས་པ་ཡིན་ཞེས་སྐྱབས་འགྲོ་ཚིག་ཙམ་འདོན་པ་དེ་ནང་པའི་ཆོས་བྱེད་ཀྱི་ཡོད་བསམ་མཁན་མང་པོ་ཞིག་དེ་འདྲ་རེད་འདུག སྐྱབས་སུ་མཆི་ལབ་སའི་སངས་རྒྱས་དང། ཆོས། དགེ་འདུན་གསུམ་དེ་ག་འདྲ་རེད་ཅེས་ལབ་པ་ཡིན་ན་གོ་རྟོགས་མེད་པ་དེ་སྔར་གྱི་དད་པ་གཙོ་བོ་བྱས་ནས་འགྲོ་བསྡད་པའི་གནས་སྟངས་ཤིག་རེད་འདུག དེས་ཚད་ལོངས་ཀྱི་ཡོད་མ་རེད། རྒྱ་གར་གྱི་མཁས་པའི་གཞུང་གི་ནང་དུ་དབང་རྟུལ་དད་པའི་རྗེས་འབྲང་དང། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་པའི་སྡེ་ཚན་མི་འདྲ་བ་གཉིས་ཡོང་གི་ཡོད་པ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་དེ་དག་གིས་སྐྱབས་སུ་འགྲོ་སའི་ཡུལ་དེ་དག་ག་རེ་ཡིན་པ་ཤེས་པ་བྱས་ནས། དེ་ལ་སྐྱབས་སུ་སོང་ན་དགོས་པ་གང་ཡོད་དང། ཕན་ཐོགས་གང་ཡོད། རྒྱུ་མཚན་གང་ཡོད་དེ་དག་ལ་བསམ་བློ་བཏང་ནས་དད་པ་བྱས་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་བྱེད་སྟངས་དེ་རེད། སངས་རྒྱས་ཆོས་དགེ་འདུན་བཅས་ངོ་མ་ཤེས་པར་ཕ་མེས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་གི་ཡོད་རེད་ཅེས་དང། དེ་རྩ་ཆེན་རེད་ཅེས་དེ་ལྟར་འགྲོ་མཁན་དེ་ཚོ་ཕལ་ཆེར་དབང་རྟུལ་དད་པའི་རྗེས་འབྲང་རེད་ཅེས་གསུངས་སོང།
མུ་མཐུད་རྟེན་འབྲེལ་བསྟོད་པའི་དཔེ་ཆའི་ངོ་སྤྲོད་ཚུལ་དུ་གསུང་དོན། བསྟན་བཅོས་འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་རབ་དང་ཕུལ་དང་མཆོག་ཏུ་གྱུར་པའི་ཤེར་ཕྱིན་གྱི་གཞུང། ཤེར་ཕྱིན་གྱི་གཞུང་ལ་དངོས་དོན་སྟོང་ཉིད་དང། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་གསུངས་པའི་ནང་གི་དངོས་དོན་སྟོང་ཉིད་ཀྱི་རིམ་པ་དེ་རེད། དེ་ཉིད་རྒྱལ་བའི་ལུང་གིས་ཟིན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་སྟོང་ཉིད་ཀྱི་སྐོར་དེ་རྩལ་དུ་བཏོན་ནས་གསུང་གི་ཡོད་པ་རེད། རྩལ་དུ་བཏོན་ནས་གསུང་ཡོང་དུས་སྟོང་པ་ཉིད་ཀྱི་དོན་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་རེད། སྟོང་པའི་དོན་དེ་རྟེན་འབྱུང་གི་དོན་ལ་འགྲེལ། མདོར་ན། སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པ་ཞེས་ཤེར་ཕྱིན་གྱི་དོན་མར་བཀྲལ་ཡོང་དུས། མགོན་པོ་ཀླུ་སྒྲུབ་ཀྱིས་རྩལ་དུ་བཏོན་ནས་གསུང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་དང། ཞིབ་མོ་རྣམ་འཐག སྟོང་ཉིད་བདུན་ཅུ་པ། རིག་པ་དྲུག་ཅུ་པ། རྩོད་ཟློག རིན་ཆེན་ཕྲེང་བ་བཅས་གསུང་གི་ཡོད་པ་རེད། སྟོང་དང་རྟེན་འབྱུང་གི་དོན་གཅིག་པུ་རྩལ་དུ་བཏོན་ནས་གསུངས་པ་དེ་བོད་གངས་ཅན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཆོས་རྗེ་བློ་བཟང་གྲགས་པས་མཛད་པའི་རྟེན་འབྲེལ་བསྟོད་པ་ཞེས་པ་འདི་རེད། རྟེན་འབྲེལ་བསྟོད་པ་བརྩམས་པའི་དུས་ཚོད་དེ་ཡང་རྗེ་རིན་པོ་ཆེས་དབུ་མའི་ལྟ་བ་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས། མཐའ་མ་དེར་སྟོང་པ་རྟེན་འབྱུང་གི་དོན་ལ་ཤར་བ་དང། རྟེན་འབྱུང་སྟོན་པའི་དོན་ལ་ཤར་བའི་གོ་བ་དཔྱིས་ཕྱིན་པ་ངེས་པ་རྙེད་པ་བྱུང་བའི་མཚམས་སུ་སྟོན་པ་ཐུབ་པའི་དབང་པོ་ལ་རྒྱུ་མཚན་མཐོང་བའི་སྒོ་ནས་དམིགས་བསལ་གྱི་དད་པ་ཞིག་འཁྲུངས་ནས་བསྟན་བཅོས་འདི་བརྩམས་པ་རེད་ཅེས་འགྲེལ་བཤད་གནང་སོང།
དེ་ནས་མུ་མཐུད་གསུང་ཆོས་དངོས་གཞི་འགོ་མ་བཙུགས་གོང་དུ་ནང་ཆོས་ངོ་སྤྲོད་ཀྱི་ཚུལ་དུ་གསུང་དོན། ཆོས་ཞེས་པ་དེ་ལེགས་སྦྱར་སྐད་དུ་དྷརྨ་ཞེས་ལབ་ཀྱི་ཡོད་པ་རེད། དེའི་དོན་ནི་འཛིན་པའི་དོན་དང་སྐྱོབ་པའི་དོན་ལ་གོ་བ་རེད། དེ་འདྲ་ཡིན་དུས་རྒྱ་གར་གྱི་ཆོས་བརྒྱུད་རིགས་གཅིག་གིས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། རྒྱུ་དང་འབྲས་བུའི་རྐྱེན་ཙམ་ལ་བརྟེན་ནས་བདེ་སྡུག་གི་འགྱུར་བ་སྣ་ཚོགས་དེ་ཡོང་གི་ཡོད་པ་རེད། ནང་པ་སངས་རྒྱས་པ་དེའི་གྲས་ཀྱི་གཅིག་རེད། སྐྱོབ་པ་ཟེར་བ་དེས་གང་ལས་སྐྱོབ་པ་རེད་ཟེར་ན། སྡུག་བསྔལ་ལས་སྐྱོབ་པ་རེད། སྡུག་བསྔལ་ཟེར་བ་དེ་ཚོར་བ་ཡིན་པ་རེད། སེམས་ལྡན་རྣམས་ལ་མ་གཏོགས་སྡུག་བསྔལ་གྱི་སྐད་ཆ་ཡོད་མ་རེད། སེམས་མེད་བེམ་པོ་ལ་སྡུག་བསྔལ་གྱི་སྐད་ཆ་བཤད་རྒྱུ་ཡོད་མ་རེད་ཅེས་སོགས་ངོ་སྤྲོད་རིམ་པར་གནང་སོང།
ད་ཐེངས་ཀྱི་ཝེ་ཏི་ནཱམ་གྱི་དད་ལྡན་ཆོས་ཞུ་བ་ལྔ་བརྒྱ་ལྷག་འདུ་འཛོམས་བྱུང་ཡོད་པ་དང། སྤྱིར་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་ཆོས་ཞུ་བ་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད་པ་མ་ཟད། ས་གནས་ཀྱི་དད་ལྡན་ཆོས་ཞུ་བ་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་རེད།།