དཔའ་བོ་ཚོའི་བྱས་རྗེས་ལ་ནག་ཐིག་ཕབ་མི་རུང་།

(མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་ལོ་ལྔ་བཅུ་ང་གསུམ་འཁོར་བར་ཕུལ་བ། )

ཆོས་ཉིད་འོད་ཟེར།
རྒྱ་ནག་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ས་དབང་བསྒྱུར་བྱེད་རྒྱུའི་འཐབ་ཇུས་མང་པོ་འཐེན་པ་དང་། ༡༩༤༠ ལོ་ཙམ་ནས་རྒྱ་བོད་ས་མཚམས་ནས་མཚམས་རེར་དྲག་གནོན་དང་མཚམས་རེར་འཆམ་མཐུན་གྱི་སྲིད་ཇུས་མང་པོ་ཞིག་གོ་སྒྲིག་གིས་བོད་དབང་བསྒྱུར་བྱེད་འགོ་བཙུགས། རིམ་པས་རྒྱ་ནག་གི་དམག་མི་བོད་དུ་འཛུལ་ནས་དམག་འཐབ་བྱས་པ་དང། བོད་མདོ་ཁམས་ཀྱི་དཔའ་བོ་དཔའ་མོ་གང་མང་ཞིག་གིས་ཚེ་སྲོག་ཤོར་བར་བརྟེན། རྒྱ་ནག་གི་དམག་དཔུང་འགོག་མ་ཐུབ་པར་རྒྱལ་ས་ལྷ་སར་བཙན་འཛུལ་བྱེད་འགོ་བཙུགས།

དེ་ནས་བོད་སྤྱིའི་དམག་འཐབ་སྣ་ཚོགས་གོ་སྒྲིག་བྱས་ནའང་རྒྱ་ནག་གི་དམག་དཔུང་ལ་རྒོལ་ལན་སློག་མ་ཐུབ་པ་མ་ཟད། རྒྱ་ནག་གཞུང་གིས་བོད་གཞུང་གི་སྐུ་ཚབ་ཚོར་བཙན་གྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་དུ་བཅུག དེ་ནས་བོད་ཕྱོགས་ནས་བོད་རྒྱ་གཉིས་མཉམ་གནས་ཡོང་ཐབས་བྱས་ཀྱང་། རྒྱ་ནག་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཡང་རྩིས་མེད་ཀྱིས་བོད་ས་ཡོངས་རྫོགས་ཧམ་ཟ་བྱེད་སྐབས། ༡༩༥༨ ལོའི་ཕྱི་ཟླ་༦ ནང་ལི་ཐང་བ་ཚོང་དཔོན་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་དེ་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་པ་དང་། སྒྲིག་འཛུགས་དེར་ཁྲི་བྱང་རིན་པོ་ཆེས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཞེས་བཏགས་པའི་ལོ་རྒྱུས་ཡང་འདུག

དང་བླངས་ཀྱི་སྒྲིག་འཛུགས་དེའི་བཀོད་ཇུས་འོག་རྒྱ་དམག་ལ་འཐབ་རྒོལ་སྣ་ཚོགས་བྱས་པ་དང་། ༡༩༥༩ ལོར་༧གོང་ས་མཆོག་གི་དབུས་བོད་མི་ཚོ་སྐྱབས་བཅོལ་དུ་ཡོང་སྐབས། དམག་འཐབ་ཀྱི་ལམ་ཁ་གཙང་བཟོ་དང་༧གོང་ས་མཆོག་གི་སྐུའི་ཉེན་སྲུང་སོགས་གཞུང་ལ་རོགས་འདེགས་ཚད་ལྡན་ཞུས་ཏེ་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་ཐུབ་ཙམ་བྱུང་རྗེས། བསྐྱར་དུ་དམག་འཐབ་ཀྱི་སྲིད་ཇུས་སྣ་ཚོགས་འཐེན་ནའང་དགྲ་ལ་རྒོལ་ལན་སློག་མ་ཐུབ་པར་སྔ་ཕྱིར་དཔའ་བོ་གྲངས་མེད་ཀྱིས་ཚེ་སྲོག་ཤོར་བ་ནི་བོད་མི་ཚོས་སེམས་ནས་བརྗེད་མི་འོས་ལ། ཁོང་ཚོར་དོན་དམ་གྱིས་རྗེས་དྲན་བྱེད་འོས་པ་ལས་དཔའ་བོའི་བྱས་རྗེས་ལ་སྤྱི་དོན་ཁ་ཁྱེར་བ་འགས་ནག་ཐིག་ཕབ་ན་ལུགས་མཐུན་མིན།

༡༩༧༠ ལོ་ཙམ་ནས་བོད་གཞུང་གིས་བོད་དོན་འཐབ་རྩོད་ཀྱི་སྲིད་ཇུས་དེ་ཞི་བའི་ལས་འགུལ་ཁོ་ན་ཡོང་ཐབས་སུ་བསྒྱུར་བ་དང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྐྱབས་མགོན་རིན་པོ་ཆེས་དམག་མཚམས་འཇོག་དགོས་པའི་བཀའ་སློབ་ལམ་སྟོན་གནང་བ་ལྟར་དམག་གི་སྒྲིག་འཛུགས་མེད་པ་བཟོས། སྐབས་དེར་དཔའ་བོ་མང་པོར་དམག་སར་ཤི་མ་ཐུབ་པའི་བློ་འགྱོད་ཡོད་མཁན་གང་མང་བྱུང་ཡོད་པ་ནི་སྨྲོས་མེད་རེད། གང་ལྟར་དང་བླངས་དམག་གི་སྒྲིག་འཛུགས་འདི་ཁམས་དང་ཨ་མདོ་གཉིས་ཀྱི་སྒྲིག་འཛུགས་ལྟ་བུ་ཞིག་ཡིན་པས། རྗེས་སུ་དཔའ་བོའི་དམག་གི་སྒྲིག་འཛུགས་འདི་བགོ་བཤའ་བརྒྱབ་སྟེ། མིང་དེ་ཁམས་ཕྱོགས་སུ་དབང་བ་ལྟ་བུར་བསྒྱུར་ནས་ཆོལ་ཁའི་སྒྲིག་འཛུགས་ཤིག་ཏུ་གྱུར་པ་རེད།

བར་ལམ་ཞིག་ལ་སྒྲིག་འཛུགས་འདིའི་གནད་ཡོད་མི་སྣ་ཁག་ཅིག་ལ་གཞུང་གི་བཀའ་ཉེས་ཕོག་ནས་སྒྲིག་འཛུགས་འདིར་དཀའ་ངལ་མང་པོ་འཕྲད་པ་དང་། བོད་གཞུང་གི་ཁྱབ་ཁོངས་སུ་གནས་མ་ཐུབ་པ་དང་། སྒྲིག་འཛུགས་འདིའི་ཚབ་ཏུ་མདོ་སྟོད་ཀྱི་སྒྲིག་འཛུགས་གསར་པ་ཞིག་བཙུགས་པ་སོགས་རྙོག་གྲ་མང་པོ་བྱུང་ཡོད་ལ། སྐབས་དེར་བོད་སྤྱི་དང་སྒོས་སུ་ཁམས་པ་ཚོའི་འཆམ་མཐུན་ལ་གནོད་སྐྱོན་ཚབས་ཆེན་བྱུང། ཡིན་ནའང་ནོར་འཁྲུལ་ག་རེ་ཤོར་མིན་དང་ཉེས་འཛུགས་ག་རེ་བྱས་མིན། མིང་ཆད་ག་རེ་བཟོས་མིན་ལ་མ་ལྟོས་པར། སྒྲིག་འཛུགས་འདི་བོད་གཞུང་དང་༧གོང་ས་མཆོག་གི་སྐྱབས་འོག་ནས་མི་འབོར་རྒྱུར་གནད་ཡོད་མི་སྣ་ཚོས་གསོལ་འདེབས་སྐྱབས་འཇུག་མུ་མཐུད་ཞུས་པ་དང་། ༢༠༠༠ ལོར་༧གོང་ས་མཆོག་གིས་ཐུགས་དགོངས་དྭངས་པ་དང་དེ་རིང་ནས་ཕན་ཚུན་བར་“ནམ་མཁའ་གཡའ་དག ས་གཞི་རྡུལ་དག་”ཡིན་པའི་ཞལ་བཞེས་བཟང་པོ་ཐོབ།

བར་སྐབས་དེ་ནས་སྒྲིག་འཛུགས་འདིས་ཧ་ཅང་དཀའ་ཁག་ཆེ་བའི་དམག་གི་འཐབ་ཇུས་འཐེན་མི་དགོས་ལ། གཞུང་མང་བར་གྱི་རྙོག་གྲའི་རིགས་ལ་སེམས་འཚབ་མི་དགོས་པ་ཆགས་ཡོད་པ་མ་ཟད། མི་རབས་རྒན་པ་ཚོས་དཀའ་ལས་བརྒྱབ་སྟེ། ཤི་བོ་གསོན་པོ་གཉིས་ཀྱི་རྣག་ཁྲག་ལས་བསག་པའི་དཔལ་འབྱོར་གྱི་གནས་བབ་ཀྱང་མི་དམན་པ་ཡོད་ཚོད་འདུག དེ་ལ་བརྟེན་ནས་སྤྱི་ཚོགས་ནང་ཕན་ནུས་ལྡན་པའི་འགྲོ་སོང་བཏང་བ་དང་སྒྲིག་འཛུགས་ཀྱི་མ་རྩ་སྲ་བརྟན་གནས་ཐབས་སུ་འབད་བརྩོན་ཡང་འགན་ཁུར་བ་རིམ་པས་བྱས་ཡོད་ཚོད་རེད།

ད་ལྟ་ཆུ་སྒང་དབུས་རྒྱུན་ཚོ་དང་མི་ཆེན་དང་ཚོང་པ་རེ་ཟུང་གི་བར་དུ་སྒྲིག་འཛུགས་ལ་མ་རྩ་ཅུང་ཡོད་པ་དེ་ཕར་གཡར་ཚུར་གཡར་དང་དེའི་དོན་དུ་རྙོག་གླེང་མི་ཆུང་བ་བཟོས་ཏེ། ཚོགས་ཆེན་རེ་འཚོགས་ནས་དངུལ་དངོས་མ་རྩ་ཅུང་ཡོད་པ་དེའི་དོན་དུ་རྩོད་གླེང་རྫོགས་མཐའ་མེད་པ་བྱས་ནས་སྡོད་པའི་དུས་ཚོད་མ་རེད། སྒྲིག་འཛུགས་འདིར་སྔོན་བྱོན་དཔའ་བོ་ཚོས་ཕངས་སེམས་མེད་པར་སྒེར་རྒྱུ་སྤྱི་དོན་དུ་སྤུངས་པའི་བློས་གཏོང་བྱས་ཡོད་ལ། བོད་བསྟན་པ་ཆབ་སྲིད་སྲུང་སྐྱོབ་བྱེད་ནུས་པའི་སྒྲིག་འཛུགས་ཤིག་ཡོང་ཆེད་རང་སྲོག་བློས་གཏོང་བྱས་པ་ཉུང་ཉུང་མིན།

དེས་ན་ད་ལྟ་ཚོགས་ཆེན་སྐབས་བཅུ་དགུ་པ་འཚོགས་པ་དང་དབུས་རྒྱུན་གསར་པ་ཚོས་ལས་ཁུར་ཞུས་པ་དང་མཉམ་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་སྔར་ཡོད་ཡར་རྒྱས་དང་། དེ་མིན་གསར་འཛུགས་ཀྱིས་ལམ་དུ་བསྐྱོད་དགོས་སྙམ། གཙོ་བོ་གཞོན་སྐྱེས་ཚོས་སློབ་སྦྱོང་གི་མདུན་ལམ་ཆེད་དུ་རོགས་སྐྱོར་དགོས་ལ། རབ་བྱུང་ན་བོད་ནང་དུ་ཐབས་ལམ་སྣ་ཚོགས་བརྒྱུད་དངུལ་དངོས་ཀྱིས་འགྲོ་སོང་བོད་དུ་གཏོང་སའི་བརྒྱུད་ལམ་ཞིག་བཙལ་ཏེ། སློབ་མ་སྐྱེད་སྲིང་གི་ཐབས་ལམ་འཚོལ་དགོས། དེ་མིན་ཡང་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོ་སྐྱེད་སྲིང་ཡོང་ཐབས་དང་བོད་སྤྱིའི་ཆིག་སྒྲིལ་ཡོང་ཐབས་སུ་གཞུང་ལ་རོགས་རམ་བྱེད་དགོས་པ་ལས། ན་ཚ་རྙིང་པ་ཁ་ལ་ཁྱེར་ཏེ་དུས་ཚོད་སྐྱེལ་བའི་སྐབས་མིན་པ་ཀུན་གྱིས་མཁྱེན་གསལ་རེད། ལས་དོན་ཧ་ཅང་རྒྱ་ཆེན་པོ་ཞིག་མ་འགྲུབ་ཀྱང་ཁམས་རིགས་ནང་ཁུལ་དུ་འཆམ་མཐུན་དང་གླེང་རྙོག་མེད་པ་ཞིག་ཡོང་ཐབས་དང་། ཁམས་པ་མི་མང་དཀྲོག་གཏམ་དང་ཧོར་རྒྱུག་གི་རྗེས་སུ་མི་འབྲང་བར་སྒྲིག་འཛུགས་འདིའི་ཁོངས་སུ་ཚུད་པ་དང་ལས་དོན་བྱེད་ཐུབ་པ་ཞིག་བྱུང་ནའང་། བོད་སྤྱི་ལ་ཕན་པའི་ཞབས་ཕྱི་མི་དམན་ཙམ་ཡིན་པ་བཤད་མ་དགོས་པས་དབུས་རྒྱུན་གསར་པ་ཚོས་འགན་མཉམ་ཁུར་དང་བོད་མི་ཡོངས་ཀྱིས་རོགས་འདེགས་ཡོང་བའི་རེ་བ་ཡོད་ལ་ཡིད་ཆེས་ཀྱང་ཡོད།

དེ་མིན་བོད་མི་ཡོངས་ཀྱིས་ནང་ཁུལ་དགའ་མིན་དགའ་མདོག་གིས་དཔའ་བོའི་སྒྲིག་འཛུགས་འདིར་ནག་ཐིག་ཕབ་པ་ནི་བྱས་པ་ཅན་གྱི་དཔའ་བོ་ཚོ་བློ་ཕམ་དང་། དགྲ་དགའ་གཉེན་སྡུག གཞན་མི་ཁྲེལ་དགོད་ཀྱི་གནས་ལས། བོད་སྤྱི་ལ་ཕན་པར་འགྱུར་བ་དཀའ་བས་ཚང་མས་དགོངས་བཞེས་གནང་དགོས་པར་མཐོང་།།