ལི་བྷི་ཡའི་རྒྱལ་ཁབ་ཀྱི་ཛ་དྲག་གནས་སྟངས།

ཟླ་འདིའི་ཚེས་༢༤ ཉིན་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བརྗོད་དོན། སྲིད་འཛིན་གཱ་དྷ་ཧྥི་རང་ཉིད་ལི་བྷི་ཡཱ་བཞག་ནས་འགྲོ་རྒྱུའི་བསམ་བློ་དོན་ངོ་མར་གཏོང་བཞིན་ཡོད་པ་རེད་ཅེས་བརྗོད་ཡོད་པ་དང། དེ་རྗེས་ཕྱི་ཚེས་༢༧ ཉིན་གྱེན་ལོག་ཚོགས་པའི་དཔུང་དམག་རྣམས་ལི་བྷི་ཡཱའི་རྒྱལ་ས་ཊི་པོ་ལིའི་ནང་དུ་ཡོད་པའི་སྲིད་འཛིན་གཱ་དྷ་ཧྥིའི་ཕོ་བྲང་ནས་རྒྱང་ཐག་ཀི་ལོ་མི་ཊར་༡༠༠ ཡི་སར་སླེབས་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། ཉིན་དེ་གའི་རིང་རྒྱལ་སྤྱིའི་ནག་ཉེས་ཁྲིམས་ཁང་གིས་ཚོགས་འདུ་ཞིག་འཚོགས་ནས། ཚོགས་ཐོག་ཏུ་ཐག་གཅོད་བྱུང་བ་ནི། འདི་ལོའི་ཕྱི་ཟླ་༢ ཚེས་༢༥ ནས་བཟུང་ལི་བྷི་ཡའི་ནང་དུ་མི་སེར་གྱེན་ལངས་བྱུང་བའི་རྗེས་ལི་བྷི་ཡའི་སྲིད་གཞུང་ནས་ཁྲིམས་འགལ་གྱི་ལས་དོན་ཇི་བྱས་ལ་གཞིག་སྟེ་སྲིད་འཛིན་གཱ་དྷ་ཧྥི་དང། རང་གི་བུ་སཱེ་ཧྥ་ཨལ་ཨིས་ལཱམ་དང་བུ་མོའི་མག་པ་ཨབ་དྷུལ་ལཱ་ཨལ་སཱ་ནུས་སི་བཅས་གསུམ་ལ་ཁྲིམས་འགལ་གྱི་ནག་ཉེས་འོག་འཕྲལ་དུ་འཇུ་གཟུང་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད།

ལི་བྷི་ཡའི་ནང་དུ་མི་སེར་གྱེན་ལངས་བྱུང་བའི་རྗེས་གཱ་དྷ་ཧྥིའི་སྲིད་གཞུང་འོག་ཏུ་མི་ཧ་ཅང་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང། བུད་མེད་ཚོའི་ཐོག་ལའང་དམག་མི་རྣམས་ལ་ཆགས་སྲེད་སློང་བའི་སྨན་སྤྲད་དེ་བཙན་གཡེམ་བྱེད་དུ་བཅུག་ཡོད་པའི་གནས་ཚུལ་སོགས་ཐོན་ཡོད་པ་རེད།།