བལ་ཡུལ་དུ་བོད་མི་བཀག་ཉར་དང་ཁྲིམས་གཏུགས།
ཟླ་འདིའི་ཚེས་༢༡ ཉིན་གྱི་དགོང་དྲོར་བལ་ཡུལ་ཏྲེ་ཧོར་སྐྱིད་སྡུག་ནས་གོ་སྒྲིག་འོག་མི་མང་གིས་ད་ལྟའི་ཁམས་དཀར་མཛེས་དང་། ཉག་རོང་། མདོ་སྨད་རྔ་བ་ཀིརྟི་དགོན་པ་བཅས་སུ་རྒྱ་ནག་གིས་དྲག་གནོན་ཚབས་ཆེན་བྱེད་བཞིན་པར་བརྟེན། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ་ཡིན་པ་རེད། སྐབས་དེའི་ལས་འགུལ་སྤེལ་ཚར་བ་དང་དེ་མ་ཐག་གློ་བུར་གོང་རིམ་གྱི་བཀའ་རྒྱ་ལྟར། བལ་ཡུལ་ཉེན་རྟོག་པས་མཆོད་རྟེན་སྐོར་ལམ་དང་། ཉེ་འཁོར་སྲང་ལམ། ཟ་ཁང་ཁག་བཅས་ནས་སྔ་ཕྱིར་བསྡོམས་པས་དོགས་གཞི་ཡོད་པའི་བོད་མི་༡༢ འཛིན་བཟུང་བྱས་ནས། མུ་མཐུད་བཀག་ཉར་བྱེད་བཞིན་པར་བརྟེན། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ད་ཆ་བོད་མི་ཁོང་ཚོ་གློད་གྲོལ་ཐོབ་ཆེད་བལ་ཡུལ་གྱི་མཐོ་རིམ་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱེད་འགོ་བཙུགས་ཡོད་འདུག།
དེའི་ཐད་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་ཡོད་ལས་བྱེད་པས་བརྗོད་དོན། ང་ཚོས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་ལ་ནམ་རྒྱུན་དུ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ་དེ་མཚུངས་ཀྱི་ལས་དོན་སྤེལ་གྱི་ཡོད། ད་ཐེངས་ཉེན་རྟོག་པས་ལས་འགུལ་སྐབས་མ་ཡིན་པར་དེའི་རྗེས་ས་གནས་འདྲ་མིན་ནས་གང་བྱུང་བོད་མི་འཛིན་བཟུང་བྱས་པ་ཡིན་པར་བརྟེན། ང་ཚོས་གནད་དོན་འདི་གཞི་ལ་བཞག་ནས་ཁྲིམས་གཏུགས་བྱེད་འགོ་བཙུགས་པ་ཡིན་ཞེས་བརྗོད།
ད་ཆ་བོད་མི་དེ་ཚོ་མུ་མཐུད་མཆོད་རྟེན་མངའ་ཁུལ་ཉེན་རྟོག་བཀག་ཉར་ཁང་དུ་བཀག་ནས་བདུན་ཕྲག་གཉིས་ཟིན་ལ་ཉེ་བ་དང་། ཁོང་ཚོར་ཉིན་ལྟར་བལ་ཡུལ་ཏྲེ་ཧོར་སྐྱིད་སྡུག་ཚོགས་པས་ཟ་བཅའ་སྐྱེལ་རྒྱུ་སོགས་གང་ཐུབ་རོགས་རམ་བྱེད་བཞིན་ཡོད་པ་རེད། དེ་འབྲེལ་ཉེན་རྟོག་པའི་ལས་འགུལ་བསྐྱོད་ཁྲོད་ཉིན་ཤས་རིང་རྒྱན་རྩེད་བྱེད་མཁན་དང་ཚོང་པ་སོགས་བོད་མི་མི་ཉུང་བ་ཡང་འཛིན་བཟུང་འོག་ཚུད་ཡོད་འདུག།།
བལ་ཡུལ་གསར་འགོད་པས།
{jcomments on}