ལས་འགུལ་བ་འཇུ་བཟུང་དང་དགེ་འདུན་པ་ཕྱིར་ཕུད།

ཁོང་འཛིན་བཟུང་བྱེད་དོན་འདི་ལོའི་ཕྱི་ཟླ་༤ ཚེས་༡༢ ནས་ཚེས་༢༢ བར་རྔ་པ་མི་མང་གིས་ཀིརྟི་དགོན་པའི་གྲྭ་པ་རྣམས་འཛིན་བཟུང་བྱེད་མི་ཆོག་པའི་རྣམ་འགྱུར་བསྟན་ནས་དྲག་དཔུང་གི་གདོང་ལ་ལངས་པ་དང། ཉིན་དེ་དག་གི་རིང་རྒྱ་གཞུང་གིས་ཞི་དྲག་སྣ་ཚོགས་ཀྱིས་མི་མང་རྣམས་རང་སར་འགྲོ་དགོས་སྐོར་བརྗོད་ཀྱང། རྒྱ་མཚོས་རྫོང་སྲིད་གཞུང་ལ་བརྗོད་དོན། གལ་སྲིད་དངོས་གནས་གྲྭ་པ་རྣམས་འཛིན་བཟུང་བྱེད་རྒྱུ་མིན་ན་ཁག་ཐེག་ཡི་གེ་བྲིས་དང་མི་མང་རྣམས་རང་རང་སར་འགྲོ་རྒྱུའི་འགན་ངས་ལེན་ཐུབ་ཅེས་བཤད་མོད། ཉིན་ཤས་རྗེས་ནས་རྔ་པ་རྫོང་ཉེན་རྟོག་མི་སྣས་ཁོང་རྨ་ཆུ་རྫོང་ཐོག་ནས་འཛིན་བཟུང་བྱས་པ་ལས། གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་གྱི་གནས་ཚུལ་ཡང་འབྲེལ་ཡོད་ཚོས་ཤེས་རྟོགས་ཐུབ་ཀྱི་མེད་འདུག ཁོང་གི་ཤུལ་དུ་གཟའ་ཟླ་མ་གཏོགས་ནང་མི་གཞན་གང་ཡང་མེད་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༦ ཉིན་རྔ་པ་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་དང་རྔ་པ་ཁུལ་ཆོས་དོན་ལས་ཁུངས་གཉིས་ཀྱིས་རྐང་འགན་ཁུར་ནས་རྔ་པ་ཀིརྟི་དགོན་པའི་གྲྭ་པ་རྣམས་ཐོ་འགོད་བྱས་ཡོད་འདུག་ལ། ཉིན་དེར་ཐོ་གཞུང་དུ་མ་ཐེབས་པ་རྣམས་དེ་ནས་བཟུང་དགོན་པའི་སྒྲིག་ཁོངས་ནས་གནས་དབྱུང་བཏང་བ་ཡིན་ཚུལ་བཤད་ཀྱི་ཡོད་འདུག ཉིན་དེར་ཐོ་འགོད་བྱས་ཡོད་པའི་གྲྭ་པ་༡༢༠༠ ནས་༡༣༠༠ བར་ཡིན་འདུག་པས་འདི་གཞིར་བཞག་བྱས་ན་དགེ་འདུན་པ་༡༢༠༠ ལྷག་དགོན་པ་ནས་གནས་དབྱུང་བཏང་ཡོད་འདུག
དེང་སྐབས་དགོན་པའི་ནང་དགེ་འདུན་པ་སྐོར་ཞིག་གི་མིང་སོགས་ཡིག་ཐོག་ནས་གསལ་བསྒྲགས་བྱས་ཏེ་དགོན་པ་ནས་ཐོན་དགོས་ཚུལ་དང་། ཁོང་རྣམས་ཀྱི་གྲྭ་ཤག་རྒྱ་གཞུང་གིས་རྩིས་ལེན་བྱེད་རྒྱུ་ཡིན་ཚུལ་སོགས་བརྗོད་ཀྱང་། དགེ་འདུན་པ་རྣམས་ཀྱིས་ངོས་ལེན་བྱས་མེད་ནའང། གལ་སྲིད་ཉེན་རྟོག་པ་སླེབས་དུས་འགྲོ་ས་བཙོན་ཁང་མ་གཏོགས་མེད་ཚུལ་སོགས་བརྗོད་ནས་འཇིགས་སྐུལ་ཡང་ཡང་བྱེད་བཞིན་ཡོད་འདུག །