སྨན་ལུགས་གཙང་བྲིས་སྒྱུ་རྩལ་འགྲེམས་སྟོན།

ངྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་སྨན་ལུགས་གཙང་བྲིས་སྒྱུ་རྩལ་སློབ་གཉེར་ཁང་གིས་ཐང་གའི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་པ་དང། ཕྱི་ཟླ་༦ ཚེས་༢༨ ཉིན་འགྲེམས་སྟོན་དེ་རྒྱལ་དབང་ཀརྨ་པ་མཆོག་གིས་དབུ་འབྱེད་གནང་བ་དང་། ཆོས་རིག་བཀའ་སློན་ཚེ་རིང་ཕུན་ཚོགས་མཆོག་གིས་སློབ་གཉེར་ཁང་དེའི་སློབ་མཐར་ཕྱིན་པའི་སློབ་མ་ཚོར་ལག་ཁྱེར་བསྩལ་ཡོད་པ་རེད།

མཛད་སྒོའི་ཐོག་བོད་ཀྱི་སྨན་ལུགས་གཙང་བྲིས་སྒྱུ་རྩལ་ཁང་གི་དགེ་རྒན་ནུབ་རྒྱ་བུ་ཆུང་ལགས་ཀྱིས་རི་མོ་འགྲེམས་སྟོན་དགོས་པའི་དམིགས་ཡུལ་ངོ་སྤྲོད་བྱས་པ་དང་། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་བོད་ཀྱི་རི་མོ་དང་ཐང་ག་འབྲི་རྒྱུ་སོགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་དགོས་པ་དང་། བོད་ཀྱི་རྩ་དོན་རྩོད་ཐབས་སུ་ཡང་རི་མོའི་ལམ་ནས་ཕན་ཐོགས་གང་མང་ཡོད་སྐོར་གྱི་ལམ་སྟོན་གསུང་བཤད་གནང་སོང་།
མཐར་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་པ་ཀརྨ་པ་མཆོག་གིས་ང་རང་རི་མོ་ལ་དོ་སྣང་ཡོད་པ་ལས་རི་མོའི་བྱུང་རབས་དང་རྣམ་བཞག ལོ་རྒྱུས་དང་རྒྱབ་ལྗོངས་དེ་ཚོ་ཞེ་དྲག་ཤེས་མཁན་ཞིག་མིན། གང་ལྟར་བོད་ལ་རི་མོའི་སྲོལ་ཆེན་པོ་དུ་མ་བྱུང་ཡོད་པ་རེད་ཅེས་བོད་ཀྱི་རི་མོའི་བྱུང་རབས་སྐོར་མདོར་བསྡུས་ངོ་སྤྲོད་གནང་ཡོད་པ་རེད།

ཁོང་གིས་མུ་མཐུད་རི་མོ་ཚད་ལྡན་འབྲི་དགོས་པའི་སྐོར་གསུང་དོན། དེང་སང་རི་མོ་འབྲི་མཁན་ཁ་ཤས་ཀྱིས་ཐང་ག་གང་བྱུང་མང་བྱུང་བྲིས་འདུག དྷ་སར་འཚོང་གི་ཡོད་དང་བལ་ཡུལ་དུ་འཚོང་གི་ཡོད།  དཀྱིལ་འཁོར་རེད་ཟེར་ནས་ཕྱི་རྒྱལ་དེ་ཚོས་ཉོས་འདུག དེ་ཚོའི་ཐོག་བོད་ཡིག་འདྲ་བྲིས་འདུག ཀློག་རྒྱུ་མི་འདུག སྔགས་ཡིན་པའི་སྐད་ཆ་རེད་འདུག ཕྱི་རྒྱལ་དེ་ཚོས་བོད་ཡིག་ཀློག་ཤེས་ཀྱི་མེད་སྟབས་ཁོང་ཚོས་གང་བྱུང་མང་བྱུང་བྲིས་བཞག་པ་འདྲ། ཡི་གེ་ལ་ལྟ་རྒྱུ་མི་འདུག རི་མོ་དེ་ཚོར་ལྟ་རྒྱུ་མི་འདུག དཀྱིལ་འཁོར་ཡིན་ན། ཡི་དམ་གྱི་ལྷ་དང་ཡང་ན་ཆོས་སྐྱོང་སྲུང་མ་གང་རུང་གི་དཀྱིལ་འཁོར་ཡིན་དགོས་པ་རེད་མོད། དེ་ཡོད་པ་མ་རེད། སུའི་དཀྱིལ་འཁོར་ཡིན། སུའི་དཀྱིལ་འཁོར་མིན། དེའི་ནང་གང་བྱུང་མང་བྱུང་ལྷ་ཡོད་པའི་བཟོ་འདྲ། འདྲེ་ཡོད་པའི་བཟོ་འདྲ་བསྲེ་ནས་བྲིས་ཡོང་དུས། དེ་ཉོ་མཁན་ང་ཡིན་ན་ཡར་མཆོད་བཤམ་ནང་དུ་སྒྲིག་དགོས་དང་མར་གད་སྙིགས་ནང་གཡུགས་དགོས་ཧ་གོ་ཡི་མི་འདུག སྟོན་པ་ཡོད་པའི་བཟོ་འདྲ། དེའི་བར་བྱ་བྱིའུ་བཟོ་འདྲ། འདྲེ་ཡི་བཟོ་ལྟ་བུ་འདྲ་མི་འདྲ་བྲིས་འདུག སྤྱིར་བཏང་རི་མོའི་ཤེས་བྱ་ཟེར་ན་འདྲ། རི་མོའི་སྒྱུ་རྩལ་ལ་མཐའ་མེད་པ་ཡིན་དུས།  རི་མོ་མཁན་སོ་སོའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་སྟོན་ཆོག་གི་རེད། ལྷག་པར་བོད་པའི་རི་མོ་མང་ཆེ་བ་སངས་རྒྱས། བྱང་ཆུབ་སེམས་དཔའ། ལྷ་སྐུ། ཆོས་སྐྱོང་སྲུང་མ་དེ་འདྲ་བྲིས་ཡོད་པ་རེད། མཚམས་མཚམས་སུ་ཆོས་ལུགས་ཀྱི་བརྩམ་བྱ་ཙམ་དུ་མ་ཟད། སྤྱིར་བཏང་མང་ཚོགས་ཀྱི་འཚོ་བའི་བརྩམ་བྱ་མང་ཙམ་བྱུང་ན་ཡག་པོ་མེད་འགྲོ་བསམ་སོང་། བོད་པའི་རི་མོ་འབྲི་སྟངས་ནང་དུ་མིའི་འདྲ་རིས་འབྲི་བ་དང། སྲོག་ཆགས་དང་། གང་ཟག་གཅིག་གི་སྐོར་ལ་བརྩམས་སྒྲུང་གི་རི་མོ་འབྲི་བ་ཡོང་སྲིད་པ་རེད། ཡིན་གཅིག་མིན་གཉིས་བོད་པའི་རི་མོ་ཟེར་དུས་ལྷ་ཞིག་འབྲི་དགོས་པ་མི་འདུག བོད་པའི་རི་མོའི་ཤེས་བྱ་དེ་ཆོས་ལུགས་གཅིག་པུའི་ཕྱོགས་སུ་ལྷུང་མ་བསྡད་པར་བརྩམ་བྱ་འདྲ་མིན་མང་པོ་ཡོང་ན་ཡག་པོ་མེད་འགྲོ་དྲན་སོང་། ཡིན་ནའང་ཆོས་ལུགས་ཀྱི་བརྩམ་བྱ་བྲིས་ན་ལུགས་དང་མཐུན་པ་དགོས་པ་རེད་མ་གཏོགས་གང་བྱུང་མང་བྱུང་བྲིས་ན་འགྲིག་གི་མ་རེད། ཡང་ཁ་ཤས་ཀྱིས་དཔེ་ཤག་ཡོང་ཆེད། ལས་སླ་བོ་དང་མགྱོགས་པོ་བྲིས་ནས། ལྷ་དེ་ཚོའི་ཞལ་དཀྱོག་སྡོད་མཁན་དང་ཤངས་དཀྱོག་སྡོད་མཁན། བཅད་དེ་ཚོ་དཀྱོག་བསྡད་ཡོད་པ་མཐོང་དུས་སེམས་པ་སྐྱོ་བོ་འདྲ་འདུག བོད་པའི་རི་མོ་དེ་གང་བྱུང་མང་བྱུང་དང་རིན་ཐང་མེད་པ་ཆགས་འགྲོ་བའི་ཉེན་ཁ་འདུག མ་འོངས་པར་ཐང་ག་འབྲི་མཁན་ཡིན་ནའང་རེད། བོད་པའི་རི་མོ་དང་འབྲེལ་བའི་བརྩམ་བྱ་ག་རེ་འབྲི་མཁན་ཡིན་ནའང། སྒྱུ་རྩལ་གྱི་ཉམས་གྱུར་དོད་པ། བོད་པའི་སྲོལ་རྒྱུན་གྱི་རི་མོའི་ནང་དོན་མ་བརླགས་པ། ལས་སླ་ཤོས་དང་སྟབས་བདེ་ཤོས་གཅིག་པུ་མ་ཡིན་པ། བོད་པའི་རི་མོའི་གཟི་བརྗིད་དང་དམ་པ་གོང་མ་ཚོས་སྐུ་ངལ་བསྐྱོན་བཞག་པ་ང་ཚོའི་མི་རིགས་འདིར་བེད་མེད་དང་དགོས་མེད་དུ་མ་ཕྱིན་པའི་འགན་ཁུར་ནས་རི་མོ་འབྲི་དགོས་པ་མེད་འགྲོ་དྲན་གྱི་ཡོད་ཅེས་སོགས་གསུངས་ཡོད་པ་རེད།།