པྰ་ཀི་སི་ཐན་དང་འཇིགས་སྐུལ་ཚོགས་པར་འབྲེལ་བ་འདུག

  དུས་རྒྱུན་དུ་རྒྱ་གར་གྱིིས་པྰ་ཀི་སི་ཐན་ལ་འཇིགས་སྐུལ་བར་ཚོར་རྒྱབ་སྐྱོར་བྱས་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་ཀྱང་དེ་རིང་མྰན་མོ་ཧན་སིང་མཆོག་གིས་འཇིགས་སྐུལ་ཚོགས་པ་དེ་གཉིས་པོ་པྰ་ཀི་སི་ཐན་གསང་བའི་ལས་ཁུངས་ཀྱི་བཙུགས་པ་ཞིག་རེད་ཅེས་བརྗོད་པ་དེ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

 

སྲིད་བློན་མྰན་མོ་ཧན་སིང་གིས། ཨ་རིའི་དམག་མི་རྣམས་ཨབ་གྷ་ནི་སི་ཐན་ནས་ཕྱིར་ཐེན་བྱེད་པ་དེས་རྒྱ་གར་གྱི་མངོན་འདོད་རྣམས་ལ་དོ་ཕོག་གཏང་རྒྱུ་ཡིན་པ་མ་ཟད། ས་ཁུལ་དེར་མ་འོངས་པར་ཇི་ལྟར་ཡོང་མིན་ཐད་ལའང་བཤད་ཁག་པོ་ཆགས་ཡོད་ཅེས་གསུངས་ཡོད་པ་རེད། ཡང་ཁོང་གིས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་རྒྱལ་སྲུང་སྐོར་བརྗོད་དོན། རྒྱ་ནག་ནི་རྒྱ་གར་ལས་ལྡབ་མང་པོའི་སྔོན་ལ་ཕྱིན་ཟིན་པ་ཞིག་ཡིན་པ་དང། ཁོང་ཚོས་རྒྱ་མཚོ་ཆེན་པོའི་དམིགས་བསལ་མཚོ་དམག་ཅིག་ཀྱང་གསར་འཛུགས་ཀྱིས་གནམ་གྲུ་ཁྱེར་བའི་གྲུ་གཟིངས་ཆེན་པོ་ཁག་ཡང་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། ཡང་ཁོང་གིས་ཤྲི་ལངྒའི་མི་སེར་ཚོས་དེར་ཡོད་པའི་ཏ་མིལ་མི་སེར་ཐོག་འཛིན་པའི་སྲིད་བྱུས་དེས་རྒྱ་གར་གྱི་ནང་དུའང་མི་བདེ་བ་ཡོང་ངེས་བཟོ་ཡི་འདུག་ཞེས་གསུངས་ཡོད་པ་རེད།

ཡང་ཁོང་གིས་བྷང་ལ་དྷེ་ཤིའི་ནང་གི་ཡུལ་མི་༡/༤ཙམ་གྱི་ཐོག་ལ་དེར་ཡོད་པའི་ཁ་ཆེའི་ཆོས་ལུགས་ཚོགས་པ་ཇ་མི་ཨད་ཨུལ་ཨིས་ལ་མི་(Jamiat-ul-Islami)ཞེས་པའི་ཤུགས་རྐྱེན་ཡོད་པ་དང། ཚོགས་པ་དེ་ནི་རྒྱུན་དུ་རྒྱ་གར་ལ་སྡང་ཟུག་འཛིན་མཁན་ཞིག་ཡིན་པ་དང་པྰ་ཀི་སི་ཐན་གྱི་གསང་བའི་ལས་ཁུངས་ཨ་ཡི་ཨེ་ས་ཨ་ཡི་འོག་ཏུ་ལས་འགུལ་སྤེལ་མཁན་ཞིག་ཀྱང་ཡིན་པར་བརྟེན། བྷང་ལ་དྷི་ཤིའི་ནང་དུ་ཆབ་སྲིད་ཀྱི་གནས་སྟངས་ལ་ག་དུས་འགྱུར་བ་ཐེབས་རྒྱུར་ངེས་པ་ཡོད་པ་མ་རེད་ཅེས་གསུངས་ཡོད་པ་རེད། ཡང་རྒྱ་གར་སྲིད་བློན་མཆོག་གིས་པྰ་ཀི་སི་ཐན་གྱི་སྐོར་བརྗོད་དོན། པྰ་ཀི་སི་ཐན་ལུང་པའི་ནང་དུ་མང་གཙོ་ཚད་ལྡན་ཞིག་ཡོང་བ་དེ་ནི་རྒྱ་གར་གྱི་དམིགས་དོན་ཡིན་པ་རེད་ཅེས་དང། དེས་ལུང་པ་ཕན་ཚུན་གཉིས་བར་འབྲེལ་ལམ་ལའང་འགོག་རྐྱེན་ཡོང་གི་མ་རེད་ཅེས་གསུངས་ཡོད་པ་རེད།།