ཧུའུ་ཅིན་ཐའོ་ཡིས་རྒྱ་ནག་དམར་ཤོག་ཚོགས་པར་ཉེན་བརྡ།

ཟླ་འདིའི་ཚེས་༡ ཉིན་བྷི་བྷི་སིའི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཧུའུ་ཅིན་ཐའོ་ཡིས་རྒྱལ་ས་པེ་ཅིན་དུ་མི་མང་ཚོགས་ཁང་ཆེན་མོའི་ནང་དམར་ཤོག་ཚོགས་པ་བཙུགས་ནས་ལོ་དགུ་བཅུ་འཁོར་བའི་ཐོག་གཏམ་བཤད་བྱས་ཡོད་པ་དང་། ཁོང་གིས། “ཚོགས་པ་འདི་ཡིས་༡༩༤༠ ལོ་ནས་བཟུང་གྲུབ་འབྲས་ནུས་ཅན་མང་པོ་ཐོན་ཡོད་ནའང་སྒྲིག་གཞི་ལ་ཚོགས་མི་རྣམས་ནས་སྔར་ལྷག་བརྩི་སྲུང་བྱེད་དགོས་པ་དང་། ཚོགས་སྡེ་འདི་ནི་ཚོགས་མི་ས་ཡ་བརྒྱད་ཅུ་ཡོད་པའི་འཛམ་གླིང་ནང་གི་ཚོགས་པ་ཆེ་ཤོས་ཤིག་ཀྱང་རེད་”ཅེས་བཤད་ཡོད་པ་རེད། དུས་དྲན་དེ་སྲུང་བརྩི་མ་བྱས་གོང་གི་ཟླ་ཤས་སྔོན་རྒྱ་ནག་གཞུང་དང་བསམ་ཚུལ་འགལ་ཟླ་ཅན་རྣམས་ལ་དྲག་གནོན་བྱེད་འགོ་བཙུགས་ཡོད་པ་དང་དེ་ནི་རྒྱ་ནག་ནང་གི་ལོ་ཉི་ཤུའི་རིང་གི་དྲག་གནོན་ཆེ་ཤོས་དེ་ཆགས་ཡོད་པ་རེད།

 

ཧུའུ་ཅིན་ཐའོ་ཡི་གཏམ་བཤད་དེ་སྐར་མ་དགུ་བཅུའི་རིང་ཐད་གཏོང་རྒྱང་བསྲིང་བྱས་ཡོད་པ་དང་དེ་ཡང་ཁོས། འདས་ཟིན་པའི་དུས་རབས་ནང་རྒྱ་ནག་ནི་དཀའ་སྡུག་སྣ་ཚོགས་ལས་རྣམ་པར་རྒྱལ་ཡོད་པ་དང་། དམར་ཤོག་ཚོགས་པའི་གསར་གཏོད་ཀྱི་གྲུབ་འབྲས་དང་བཅོས་བསྒྱུར་གང་ལེགས་བྱུང་ཡོད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དུས་ཡུན་ནང་དུ་ང་ཚོས་ཐེངས་ཤིག་ནོར་འཁྲུལ་བྱུང་ཡོད་པ་དང་དེ་ལ་བརྟེན་ནས་ཐ་ན་གྱོང་གུད་དང་འཐུས་ཤོར་སོགས་བྱུང་ཡོད། དེའི་རྒྱུ་རྐྱེན་ནི་ང་ཚོའི་མངོན་འདོད་ཀྱི་བསམ་བློ་དང་རྒྱ་ནག་གི་དངོས་ཡོད་གནས་སྟངས་གཉིས་ཁ་བྲལ་དུ་སོང་བས་རེད། དེ་ཡང་ཁོང་གིས། གྲབས་ཤོམ་དང་དམག་སྦྱོང་མེད་པའི་ཉེན་རྟོག་པ་ནི་མི་མང་ས་མང་པོ་ཤི་ལམ་དུ་འཁྲིད་མཁན་ཞིག་རེད།

ང་ཚོའི་ཚོགས་པའི་འཛིན་སྐྱོང་དང་མི་མང་གི་ནུས་ཤུགས་བཅས་ལ་བརྟེན་ནས་ནོར་འཁྲུལ་ནས་ཡང་དག་པའི་ལམ་དུ་འགྲོ་ཐུབ་པ་བྱུང་བ་མ་ཟད། རྒྱལ་ཁའི་ངང་མུ་མཐུད་མདུན་སྐྱོད་གོང་འཕེལ་དུ་འགྲོ་བཞིན་ཡོད། དེ་རིང་ནི་རྒྱ་ནག་སྤྱི་ཚོགས་རིང་ལུགས་ཡར་ལངས་མངོན་དུ་གྱུར་ཏེ་རྒྱ་ནག་ཤར་ཕྱོགས་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་དེ། གཟི་བརྗིད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆའི་འོག་གདེངས་སྤོབས་ཆེན་པོའི་རུ་སྒྲིག་གོམ་འགྲོས་བྱེད་པའི་ཉིན་མོ་ཞིག་རེད། འོན་ཀྱང་དེ་སྔོན་ཚོགས་པས་དཀའ་ངལ་ལ་གདོང་ལེན་ཡག་པོ་མ་བྱུང་བ་དང་ཚོགས་མིའི་འཇོན་ཐང་དམན་པ་བཅས་ལས་མི་མང་དང་ཚོགས་པ་ཁ་ཐག་རིང་དུ་ཕྱིན་ཡོད་པ་དང་དེས་རྒྱལ་ཁབ་ལ་དཀའ་ངལ་ཡང་བཟོས་ཡོད། ལྐོག་ཟ་རུལ་སུངས་ཀྱི་ངན་འབྲས་ནི་ཚོགས་པར་མི་མང་གི་ཡིད་ཆེས་དང་རྒྱབ་སྐྱོར་མེད་པ་ཆགས་ཀྱི་ཡོད། ང་ཚོས་ངེས་པར་དུ་ཚོགས་མི་སྒེར་དང་གང་ཟག་བྱེ་བྲག་པའི་ཆེད་དུ་བདག་དབང་བེད་སྤྱོད་གཏོང་མི་རུང་བ་དང་། ཚོགས་མི་རྣམས་ཀྱི་སྔར་ལྷག་སྒྲིག་བཀུར་དང་ལེན་རྒྱུན་འཁྱོངས་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།

སྲིད་འཛིན་གྱི་གཏམ་བཤད་དེ་ནི་རྒྱུན་ལྡན་རྒྱ་ནག་པས་བཤད་བཞིན་པའི་ནང་གི་ཆ་ཤས་ཤིག་ཚོགས་པ་དབུ་བརྙེས་ཀྱི་མཛད་སྒོར་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཕྱི་ལོ་༡༩༧༦ ལོར་མོའོ་འདས་རྗེས་ཁོང་གི་རྗེས་འཛིན་པ་རྣམས་ཀྱིས་གལ་གནད་ཆེ་བའི་བསྒྱུར་བཅོས་དང་གསར་གཏོད་ཀྱང་བྱས་ཡོད། དུས་ཆེན་དེར་འཁྲབ་སྟོན་འགྲན་སྡུར་དང་། སྙན་གྲགས་ཆེ་བའི་རྒྱལ་ཞེན་ཅན་གྱི་གློག་བརྙན་ཞིག་བསྟན་ཡོད་པ་དང་གློག་བརྙན་དེའི་ནང་དུ་རྒྱ་ནག་གི་འཁྲབ་སྟོན་པ་སྐད་གྲགས་ཆེ་གྲས་ཁག་ཡོད་པ་མ་ཟད་གློག་བརྙན་དེས་རྒྱ་ནག་གུང་ཁྲན་ཏང་གི་བྱུང་རབས་མཚོན་པར་བྱས་ཡོད་པ་རེད།

ད་དུང་རྒྱ་གཞུང་གི་ཨ་སྒོར་དུང་ཕྱུར་༣༣མ་དངུལ་བཏང་བའི་མེ་འཁོར་ལྕགས་ལམ་ཞིག་གསར་དུ་བཟོ་འཆར་དང། གནམ་ཐང་ཅན་གྱི་གྲུ་གཟིངས་དང་པོ་དེ་རེས་གཟའ་ཕུར་བུ་ཉིན་ཚོད་ལྟ་བྱེད་རྒྱུ་ཡིན་པ་རེད། རྒྱ་ནག་དམར་ཤོག་ཚོགས་པ་དེ་ཕྱི་ལོ་༡༩༢༡ ལོར་དབུ་བརྙེས་པ་ཞིག་ཡིན་པ་དང་། སྤྱིར་བཏང་བྱས་ན་དུས་དྲན་གྱི་མཛད་སྒོ་དེ་ནི་ཕྱི་ཟླ་བདུན་པའི་ཚེས་༢༣་ཉིན་འཁེལ་གྱི་ཡོད་པ་དང་། དེ་ནི་མོའོ་ཙེ་ཏུང་སོགས་ཚོགས་མི་ཤེས་འཇོན་ཅན་ཁག་ཅིག་གིས་ཚོགས་ཆུང་དེ་རྒྱ་ནག་ཧྲང་ཧེ་རུ་བཙུགས་པའི་ཉིན་མོ་ཡིན་པ་རེད།

ཕྱི་ལོ་༡༩༤༩ ལོར་རྒྱལ་ཞེན་རིང་ལུགས་པ་རྣམས་ཕམ་ཉེས་བཏང་རྗེས་རྒྱ་ནག་ཏུ་ཡུན་རིང་ཁྲག་དྲི་བྲོ་བའི་ནང་འཁྲུག་མཚམས་ཆད་དེ་དམར་ཤོག་ཚོགས་པས་དབང་འཛིན་བྱས་པ་རེད། ཕྱི་ལོ་༡༡༩༥༨ ལོར་མའོ་ཡི་འགོ་ཁྲིད་འོག་དམར་ཤོག་ཚོགས་པས་མི་མང་འདུན་སྐྱོད་ཆེན་པོའི་ལས་འགུལ་ནང་མི་མང་ས་ཡ་མང་པོ་ལྟོགས་ཤི་ཐེབས་ཡོད་པ་མ་ཟད། ༡༩༦༦ ལོར་དམར་ཤོག་ཚོགས་པ་སྲ་བརྟན་ཡོང་ཆེད་དུ་སྤེལ་བའི་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་འོག་མི་མང་ས་ཡ་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ༡༩༧༦ལོ་མའོ་ཤི་རྗེས་ཏིང་ཞོའོ་ཕན་གྱིས་ཁྲོམ་རའི་དཔལ་འབྱོར་བསྒྱུར་བཅོས་བཏང་བར་བརྟེན། རྒྱ་ནག་དེ་བཞིན་འཛམ་གླིང་གི་དཔལ་འབྱོར་ཨང་རིམ་གཉིས་པར་སླེབས་ཡོད་པ་དང་། བྷི་བྷི་སིའི་གནས་ཚུལ་མཁོ་གཏོང་བ་མི་ཁལ་བྷིརི་སི་ཊོ་ཡིས་པེ་ཅན་ནས་བཤད་པ་ལྟར་ན། ད་ལྟའི་ཆར་རྒྱ་ནག་ཏུ་མི་མང་ས་ཡ་བརྒྱ་ལྷག་ཙམ་ཉམ་ཐག་དབུལ་ཕོངས་ཀྱི་གནས་ལས་གྲོལ་ཏེ། ཞི་བདེ་ལྷིང་འཇགས་དང་བསམ་ཡུལ་ལས་འདས་པའི་ཡར་རྒྱས་བྱུང་ཡོད། མདོར་བསྡུས་ནས་བརྗོད་ན་རྒྱ་ནག་ནང་ཚོགས་པ་འདྲ་མིན་འཛུགས་མི་ཆོག་པར་བརྟེན་དམར་ཤོག་ཚོགས་པ་དེ་ནི་རྒྱ་ནག་ནང་གི་ཡར་རྒྱས་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་པ་དང་དེས་མུ་མཐུད་དབང་བསྒྱུར་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་འདུག།།