ཡར་ལང་ཆེན་པོ་ཡོང་རྒྱུའི་ཉེན་ཁ་འདུག་ཅེས་བརྗོད་འདུག

དེ་ཡང་ཉེ་བའི་ཆར་ཁམས་དཀར་མཛེས་དགོན་དུ་དཀར་མཛེས་རང་སྐྱོང་ཁུལ་ཟེར་བའི་ལས་བྱེད་འགའ་ཡོང་སྟེ་མཁན་ལས་ཟུར་དང་དཔེ་ཁྲིད་དགེ་རྒན། ཁམས་ཚན་དགེ་རྒན་སོགས་བསྡུ་བསྐོངས་བྱས་ནས། དཀར་མཛེས་ས་གནས་སུ་ལོ་ལྟར་རྙོག་གླེང་རྒྱུན་ཆད་མེད་པར་ཡོང་གི་འདུག་པས་དེའི་ཐད་དགོན་པ་ནས་འགན་འཁུར་དགོས་པ་དང་། དེ་ལྟར་བྱུང་ཚེ་དཀར་མཛེས་ས་གནས་སུ་འཛུགས་སྐྲུན་སོགས་ཡར་རྒྱས་གང་ལེགས་བྱ་ཆོག་ཅེས་ཟེར་འདུག སྐབས་དེར་ཚོགས་འདུར་ཕེབས་པའི་དགེ་འདུན་པ་ཚོས་རྙོག་གླེང་མི་ཡོང་བའི་ཐད་ང་ཚོས་འགན་ཁུར་མི་ཐུབ་ལ། ས་གནས་ཀྱི་འཚོ་བའང་སྔར་ནས་ས་གནས་རང་གི་ཐོན་ཁུངས་ཀྱིས་འགྲིག་ཙམ་ཡོད། དེ་ལས་གཞུང་ནས་བོད་མི་སྤྱི་དང་ཁྱད་པར་དགེ་བཙུན་གྱི་རིགས་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་མཚམས་འཇོག་དགོས་རྒྱུ་དང་། དཀར་མཛེས་བོད་ཡིག་འབྲིང་རིམ་སློབ་གྲྭའི་ནང་སློབ་མ་གསར་བསྡུ་མི་ཆོག་པ་དང་། དགེ་རྒན་རྣམས་ཁ་འཐོར་བཏང་བ་སོགས་མི་མང་གི་སེམས་ལ་གནོད་པའི་ལས་གཞི་དེ་ཚོ་མཚམས་འཇོག་ངེས་པར་བྱེད་རོགས་མ་གཏོགས། ད་ལྟ་བཞིན་མུ་མཐུད་བྱས་ཚེ་དཀར་མཛེས་ཡུལ་དགོན་གཉིས་ཀ་ཡར་ལང་བྱ་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་བརྗོད་འདུག་ཀྱང་། ད་ལྟའི་ཆར་ཁོང་ཚོའི་རེ་འདུན་ལ་གྲུབ་འབྲས་གང་ཡང་བྱུང་མི་འདུག་ཞུ་རྒྱུ་བཅས། འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་སོང་།།