བཙུན་མ་འཆི་མེད་དང་ཆོས་དགའ་གཉིས་འཛིན་བཟུང།
སེར་བྱེས་ཏྲེ་ཧོར་གྲྭ་པདྨ་ཚེ་དབང་ལགས་ནས་གནས་ཚུལ་མཁོ་གཏོང་གནང་བའི་ནང་། ཉེ་ཆར་དཀར་མཛེས་སྤྱི་བདེ་ལས་ཁུངས་ནས་དཀར་མཛེས་སུ་ཡོད་པའི་དགོན་པ་ཁག་ལ་གྲྭ་བཙུན་སུ་ཡིན་ཡང་གྲོང་ཁྱེར་ནང་། གང་བྱུང་དུ་འགྲོ་མི་ཆོག་པ་དང་། གལ་སྲིད་ནད་མནར་བྱུང་ཚེ་ས་གནས་དང་ཤང་གི་འགོ་ཁྲིད་བརྒྱུད་ཡི་གེ་བླངས་ཏེ་ཁག་ཐེག་ལས་བྱེད་མི་སྣ་གཅིག་དང་མཉམ་དུ་མ་ཡོང་ན་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་བཙན་བཀའ་བཏང་འདུག
བཙུན་མ་འཆི་མེད་དང་ཆོས་དགའ་གཉིས་སྨན་ཁང་དུ་འགྲོ་བའི་ལམ་བར་ནས་རྒྱ་དམར་ཉེན་རྟོག་པས་ཁྲོམ་སྐྱོད་ལག་འཁྱེར་མེད་པར་བསྙོན་འཛུགས་བྱས་ཏེ་ཉེན་རྟོག་ལས་ཁུངས་སུ་ཁྲིད་ནས་བཙོན་འཇུག་བྱས་པ་མ་ཟད། ད་ཆ་བཙུན་མ་ཆོས་དགའ་དཀར་མཛེས་ས་གནས་བཙོན་ཁང་དུ་ཡོད་ཚུལ་ཙམ་ལས། ཨ་ནེ་འཆི་མེད་ག་ཡོད་ཤེས་རྟོགས་བྱུང་མི་འདུག་ལ་ཁོང་གཉིས་ལ་ནག་ཉེས་ཅི་ཡོད་ཀྱང་གསལ་ཁ་གང་ཡང་མི་འདུག
རང་ལོ་༣༧ ཡིན་པ་ཨ་ནེ་འཆི་མེད་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ཁོག་བཙན་ཨ་རུ་ར་གྲོང་། ཕ་རྡོ་རྗེ་ཚེ་རིང་དང་། མ་ངག་དབང་ཆོས་སྒྲོན་གཉིས་སུ་ཕྱི་ལོ་༡༩༧༤ ལོར་སྐྱེས། ཆུང་དུས་ནས་ལམ་བྲག་བཙུན་དགོན་དུ་ཞུགས་ནས་ཕྱི་ལོ་༡༩༩༣ ཡས་མས་ནས་ལམ་བྲག་རིན་པོ་ཆེའི་བཀའ་ལྟར་སྨན་ལ་སྦྱངས། སྨན་མཐར་ཕྱིན་པ་དང་ལམ་བྲག་སྒེར་གཉེར་སྨན་ཁང་༼ལམ་བྲག་རིན་པོ་ཆེས་མི་མང་ཉམ་ཐག་ཚོའི་ཆེད་དུ་བཙུགས་པའི་དཀར་མཛེས་ཁྲོམ་གཞུང་དུ་ཡོད་པའི་སྨན་ཁང་ཞིག་རེད།༽ དུ་བོད་རྒྱ་ཟུང་འབྲེལ་གྱི་སྨན་པར་གནང་སྟེ་ཉིན་ལྟར་ཉམ་ཐག་ནད་པ་བརྒྱ་ཕྲག་བརྒལ་བར་ལྟ་རྟོག་གནང་བཞིན་ཡོད། རང་ལོ་༣༥ ཡས་མས་ཡིན་པ་བཙུན་མ་ཆོས་དགའ་ནི་སྐྱེས་ཡུལ་དཀར་མཛེས་རྫོང་། ཁྱིམ་དཀར་གྲོང་། ཕ་ངག་དབང་དགེ་འདུན་དང་། མ་བུ་མོ་བཀྲ་ལུ་གཉིས་སུ་སྐྱེས། ཆུང་དུས་ནས་ལམ་བྲག་བཙུན་དགོན་དུ་ཞུགས་ཏེ་ལོ་མང་རིང་ལམ་བྲག་སྨན་ཁང་དུ་སྨན་གཡོག་བྱས་ཡོད་པ་རེད།།