ཁྱེད་ཚོ་སྐྱབས་བཅོལ་བ་མ་རེད་ཅེས་བརྗོད་སོང་།

ཟླ་འདིའི་ཚེས་༣ ཉིན་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭ་རུ་སྐྱབས་བཅོལ་བོད་མི་ཚོར་རྒྱ་གར་གྱི་ཁྲིམས་ལུགས་ལམ་སྟོན་གྱི་ཚོགས་འདུ་ཞིག་འཚོགས་པ་དང་། སྐབས་དེར་རྒྱ་གར་གྱི་༼ཁྲིམས་རྩོད་པའི་འགྲོ་བ་མིའི་ཐོབ་ཐང་འབྲེལ་ལམ་ཚོགས་པའི༽ལྡི་ལིའི་ཁྲིམས་རྩོད་པ་ཌོག་ཊར་ཨ་ནན་ཐིས་ད་ང། དྷ་ས་ས་གནས་ཀྱི་ཁྲིམས་རྩོད་པ་གཅིག། མེག་གྷན་ས་གནས་ཉེན་རྟོག་པའི་འགོ་ཁྲིད། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་བཅས་ཀྱིས་བོད་མི་ཚོའི་ཡུལ་ཁྲིམས་དང་མཐུན་པའི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་བྱས་ཡོད་པ་རེད།

hklnཚོགས་འདུ་དེ་ཁྲིམས་ལུགས་ལམ་སྟོན་ལྟེ་གནས་དེས་གོ་སྒྲིག་དང་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་རོགས་སྐྱོར་བྱས་ཏེ་འཚོགས་ཡོད་པ་དང་། ཁྲིམས་ལུགས་ལམ་སྟོན་གྱི་ལྟེ་གནས་དེས་ནམ་རྒྱུན་རྒྱ་གར་ནང་གི་མི་མང་གཉོམ་ཆུང་། ཁྲིམས་ལུགས་ཀྱི་གོ་རྟོགས་མེད་མཁན་ཚོར་ཟབ་སྦྱོང་སྤྲོད་ཐབས་དང་། ཁྲིམས་ཁང་དུ་འགྲོ་སྐབས་ཁྲིམས་རྩོད་པར་གླ་ཡོན་སྤྲོད་རྒྱུ་མེད་མཁན་ཚོར་དང་བླངས་ཀྱིས་ཁྲིམས་རྩོད་བྱེད་རོགས་སོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱེད་ཀྱི་ཡོད་པ་རེད། བོད་པ་ཚོས་ཀྱང་རྒྱ་གར་ནང་བོད་དོན་ལས་འགུལ་སྤེལ་སྐབས་སྔ་ཕྱིར་ཁྲིམས་ཐོག་ནས་ཁོ་ཚོས་རོགས་པ་ཐེངས་མང་བྱས་ཡོད་པ་དང་། ༢༠༠༨ ལོར་རྒྱ་གར་ནང་བོད་མིའི་ཞི་བའི་གོམ་བགྲོད་ཆེན་མོའི་ལས་འགུལ་སྐབས་ཀྱང་ཁོང་ཚོའི་ཁྲིམས་རྩོད་པ་མཉམ་དུ་ཡོང་ནས་ཁྲིམས་ཐོག་ནས་རོགས་སྐྱོར་བྱས་ཡོད་པ་རེད།

lawyer delek

དེ་ཡང་ཁྲིམས་རྩོད་པ་ཌོག་ཊར་ཨ་ནན་ཐིས་ཡིས་བོད་མི་སྐྱབས་བཅོལ་བས་ཁྲིམས་ཐོག་ནས་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། ཁོང་གིས་“ཁྱེད་ཚོ་སྐྱབས་བཅོལ་བ་རེད་དམ་”ཞེས་དྲི་བ་འདྲི་སྐབས་ཚོགས་ཞུགས་པ་བོད་མི་ཚོས་ཡིན་ཞེས་ལག་པ་བཀྱགས་ཡོད་པ་རེད། སྐབས་དེར་ཁྲིམས་རྩོད་པས། “བོད་པ་ཚོ་སོ་སོས་སྐྱབས་བཅོལ་བ་ཡིན་ཞེས་བརྗོད་པ་ལས། ཁྱེད་ཚོ་སྐྱབས་བཅོལ་བ་མ་རེད། རྒྱ་གར་གྱི་ཁྲིམས་ཐོག་ནས་སྐྱབས་བཅོལ་བར་ངོས་ལེན་ཡོད་པ་མ་རེད། ཕྱི་རྒྱལ་བ་རྒྱ་གར་དུ་གནས་སྡོད་བྱེད་མཁན་གྱི་མིང་ཐོག་ཏུ་ཡོད་པས།ཁྱེད་ཚོར་ཡུལ་མི་དང་མ་འདྲ་བའི་ཁྲིམས་ཁུར་དགོས་པ་དང་། ཡུལ་ཁྲིམས་དང་ཡུལ་མིའི་གོམས་གཤིས་སོགས་དང་བསྟུན་དགོས་པའི་འགན་ཁུར་མང་བ་ཡོད་པ་རེད། ཡིན་ནའང་ཁྱེད་ཚོ་ཡང་མི་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་དང་མཐུན་པའི་ཁྲིམས་ཀྱི་རྒྱབ་སྐྱོར་ཡོད་པས། གཉའ་ཆག་དགོས་དོན་གང་ཡང་མེད་པར་ཁྲིམས་གཏུག་སོགས་ཀྱི་ཐོབ་ཐང་ཆ་ཚང་ཡོད་པ་རེད་”ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་བོད་པའི་ལས་དོན་ཐོག་རོགས་བྱེད་ཕྱོགས་སྐོར་གསུང་དོན། “༢༠༠༨ ལོ་ནས་བོད་པའི་གནས་སྟངས་ངོ་སྤྲོད་ཀྱི་དབྱིན་ཡིག་དང་ཧིན་དྷི་གཉིས་ཐོག་ནས་དེབ་ཅིག་བཏོན་ཡོད། དེབ་དེ་བཏོན་རྗེས་རྒྱ་གར་ནང་བོད་པའི་གནས་སྟངས་ངོ་སྤྲོད་གསལ་པོ་ཆགས་རྒྱུར་ཕན་ཐོགས་བྱུང་ཡོད་པ་རེད། དེའི་སྔོན་བོད་པའི་སྐོར་ཞེ་དྲག་མ་ཤེས་པ་དང་། གོ་བ་ལོག་པ་བླངས་པ་སོགས་གསལ་པོ་ཆགས་སོང་ཞེས་བརྗོད་མཁན་ཡང་བྱུང་སོང་། དུས་རྒྱུན་ང་ཚོས་དང་བླངས་ཀྱི་ཁྲིམས་ཐོག་ནས་རོགས་པ་བྱེད་ཀྱི་ཡོད་པ་དང་། བོད་པར་ཡང་དེ་ལུགས་རོགས་པ་བྱེད་རྒྱུ་ཡིན། ད་ཐེངས་གཙོ་བོ་བོད་པར་ཁྲིམས་ཐོག་ནས་དཀའ་ངལ་ག་རེ་འདུག་རྒྱུས་ལོན་བྱེད་དུ་ཡོང་བ་ཡིན་ལ། རྒྱུས་ལོན་ཡག་པོ་ཞིག་བྱེད་ཐུབ་པར་རེ་བ་ཡོད་”ཅེས་བརྗོད་ཡོད་པ་རེད།

police leader dasaས་གནས་ཉེན་རྟོག་པའི་འགོ་དཔོན་དེས་གསུང་དོན། “བོད་པ་ཚོ་ཡར་མར་ལ་བསྐྱོད་སྐབས། རླངས་འཁོར་དང་སྦག་སྦག་གཏོང་མཁན་ཡིན་ན་དེའི་ཁྲིམས་མཐུན་ཡིག་ཆ་དང་། འགན་ལེན་ཡིག་ཆ། གཏོང་ཆོག་པའི་ལག་ཁྱེར་མཉམ་འཁྱེར་དགོས་པ་རེད། དེ་མིན་ཡིག་ཆ་ནང་དུ་བཞག་ནས་ཕྱི་ལོག་ཏུ་བསྐྱོད་ན་ཕན་ཐོགས་ཡོད་པ་མ་རེད། དེ་བཞིན་མི་གཞན་པའི་རླངས་འཁོར་དང་སྦག་སྦག་གཡར་ནས་བཏང་སྟེ། བརྡབ་སྐྱོན་བྱུང་ན། ཁྲིམས་ཐོག་ནས་བརྡབ་སྐྱོན་གྱི་འགན་ལེན་གུན་གསབ་གང་ཡང་རག་རྒྱུ་མ་རེད། མངའ་སྡེ་གཞན་པའི་རླངས་འཁོར་བཏང་སྟེ་ཡིག་ཆ་མེད་ན། གཞུང་བཞེས་གཏོང་གི་རེད། དེ་བཞིན་ལོ་ན་༡༨ མ་ཟིན་པ་ཚོས་སྦག་སྦག་དང་རླངས་འཁོར་གཏོང་ཆོག་གི་མ་རེད་”ཅེས་འགྲིམ་འགྲུལ་གྱི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།

ཁོང་གིས་མུ་དམིགས་བསལ་གྱིས་བོད་པའི་གཞོན་སྐྱེས་ཚོར་བདག་པོ་རྒྱག་དགོས་པའི་སྐོར་གསུང་དོན། “བོད་པའི་གཞོན་སྐྱེས་ཚོ་གང་བྱུང་འཁྱམ་ཉུལ་བྱེད་མཁན་དང་འཁྲུག་པ་རྒྱག་པ། ཉལ་ཐ་འཐེན་མཁན། ར་བཟི་སོགས་མང་པོ་རེད། ཉེ་ཆར་བོད་པ་གཞོན་སྐྱེས་ཁག་ཅིག་རྒྱག་རེས་ཤོར་ནས། ཉེན་རྟོག་པ་སླེབས་པ་རེད། སྐབས་དེར་ཉེན་རྟོག་པ་མ་སླེབས་ན་གཅིག་གསོད་གྲབས་འདུག མཚན་མོ་ཉེན་རྟོག་པ་སྐོར་སྲུང་བྱེད་དུ་འགྲོ་སྐབས། བོད་པའི་གཞོན་སྐྱེས་ལས་ཀ་འདྲ་མིན་བྱེད་མཁན་དུས་རྒྱུན་མང་པོ་ཐུག་གི་འདུག ཁྱེད་རང་ཚོ་ཡིད་ཆེས་མེད་ན། ཚོགས་པ་ཁག་གི་སྐུ་ཚབ། བོད་མིའི་སྐུ་ཚབ་དེ་འདྲ་མཚན་མོར་ས་གནས་ཉེན་རྟོག་པ་མཉམ་དུ་སྐོར་བསྐྱོད་གྱིས་དང་གསལ་པོ་ཆགས་རྒྱུ་རེད། དུས་རྒྱུན་ཁྲིམས་མཐུན་བྱེད་དགོས་པ་གལ་ཆེན་པོ་རེད་”ཅེས་སོགས་གསུངས་ཡོད་པ་རེད།

dawa tserang m pསྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། བོད་མི་ཚོས་ཡུལ་ཁྲིམས་བརྩི་དགོས་པ་དང་། ཆེ་ཤ་དང་བཙོང་བ་དང་། གྲི་ཉར་བ། ནག་ཚོང་གི་རིགས་དང་། ཉལ་ཐ་ནག་པོ་འཐེན་པ་སོགས་བྱེད་མི་ཉན་པ་དང་། ནང་མི་སོ་སོས་གཞོན་སྐྱེས་ཚོར་བདག་པོ་བརྒྱབ་ཏེ་སློབ་གསོ་གཏོང་དགོས་པ་གལ་ཆེན་ཡིན་སྐོར་དང་། ང་ཚོ་མིའི་ལུང་པར་ཡོད་པས། དུས་རྒྱུན་གཉོམ་ཆུང་དང་ཡུལ་མིར་བརྩི་བཀུར་དགོས་སྐོར་སོགས་གསུངས་སོང་།

དེ་རྗེས་ཚོགས་ཞུགས་པའི་དྲི་བར་ལན་འདེབས་དང་ཕན་ཚུན་བསམ་ཚུལ་གསུངས་པ་སོགས་བྱས་ཏེ་ཚོགས་འདུ་གྲོལ་ཡོད་པ་དང་། ཚོགས་འདུ་དེ་གོ་སྒྲིག་རོགས་རམ་བྱེད་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྡ་ས་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཡིན་པ་རེད།།

{jcomments on}