ནང་དོན་ངོ་མ་ནི་བོད་ཀྱི་རིག་གཞུང་རྩ་མེད་དུ་བཟོ་བ་དེ་རེད།

ཟླ་འདིའི་ཚེས་༤ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང། ལྡི་ལིར་ཡོད་པའི་ཁྲིམས་རྩོད་པའི་འགྲོ་བ་མིའི་ཐོབ་ཐང་འབྲེལ་ལམ་ཚོགས་པ་གཉིས་མཉམ་འབྲེལ་གྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་སྙན་ཐོ་《ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དང་བོད་ཀྱི་རིག་གཞུང་ཉམས་ཉེས་》 ཞེས་པ་དབྱིན་ཡིག་ཐོག་པར་སྐྲུན་བྱས་པ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དབུ་འབྱེད་གནང་སོང།

human_book02དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་དང། ལྡི་ལི་ནས་ཕེབས་པའི་རྒྱ་གར་གྱི་ཁྲིམས་རྩོད་པའི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་ཌོག་ཊར་ཨ་ནཱན་ཐི་ཀུ་མར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་བཅས་ཕེབས་ནས། ཐོག་མར་དེའི་སྐོར་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་གྱིས་གསུང་དོན། ལོ་ཤས་སྔོན་ནས་ང་ཚོའི་ལྟེ་གནས་ཁང་དང། ཁྲིམས་རྩོད་པའི་འགྲོ་བ་མིའི་ཐོབ་ཐང་འབྲེལ་ལམ་ཚོགས་པ་གཉིས་མཉམ་འབྲེལ་གྱིས་གྲ་སྒྲིག་བྱས་ནས། རྒྱ་ནག་གིས་བོད་ནང་དུ་འཛིན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་བོད་པ་ཚོས་ཧ་ལས་པའི་དངངས་འཚབ་བྱེད་པ་དེ་རྒྱ་ནག་གཞུང་གི་ངོས་ནས་བོད་པའི་ཆོས་དང་རིག་གཞུང། བོད་པའི་ངོ་བོ་དེ་རྒྱ་ནག་གིས་ཁ་བྲལ་དུ་འགྲོ་བའི་ཉེན་ཁ་ཆེ་ཤོས་ལ་བརྩིས་ནས་དེ་དག་རྩ་མེད་དུ་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རེད། དེར་བརྟེན་སྙན་ཐོ་དེ་འདྲ་འདོན་དགོས་པ་དེ་གནད་འགག་ཆེན་པོ་ཆགས་བསྡད་ཡོད་སྟབས། ང་ཚོ་ཐུན་མོང་གིས་ཉམས་ཞིབ་བྱས་ནས་སྙན་ཐོ་འདི་བཏོན་པ་རེད། དེ་ལ་མཐུན་འགྱུར་དང་ལམ་སྟོན་གནང་མཁན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་ལས་ཁུངས་ཀྱིས་གནང་བ་རེད། དེ་ལ་ལོ་གཉིས་ཙམ་འགོར་ནས་དེ་རིང་དངོས་སུ་འདོན་ཐུབ་པ་བྱུང་བ་རེད་ཅེས་ངོ་སྤྲོད་གནང་སོང།

དེ་ནས་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་གྱིས་སྙན་ཐོའི་དཔེ་དེབ་དབུ་འབྱེད་གནང་བ་དང་འབྲེལ་གསུང་དོན། བོད་ནང་གི་རིག་གཞུང་དེ་བདག་པོ་བརྒྱབ་འདུག་མི་འདུག པཎ་ཆེན་རིན་པོ་ཆེས་སྐུ་ཐོག་གོང་མས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ནང་གསལ་པོ་བྱས་ནས་ཐེར་འདོན་གནང་ཡོད་པ་རེད། དེའི་ནང་དུ་རྒྱ་མིའི་སྲིད་བྱུས་དེས་བོད་ཀྱི་རིག་གཞུང་ལ་ཕན་ཐོགས་ཀྱི་མེད་སྐོར་སྐུ་སྲོག་བློས་གཏོང་གིས་གསུངས་དགོས་བྱུང་བ་རེད། དེའི་རྐྱེན་གྱིས་ལོ་མང་པོའི་རིང་བཙོན་ཁང་དུ་བཅུག་པ་རེད། བཙོན་ནས་གློད་གྲོལ་བྱུང་རྗེས་ཕྱི་ལོ་༡༩༨༨ ལོར་པཎ་ཆེན་རིན་པོ་ཆེས་ཕྱོགས་བསྡོམས་གནང་ནས། རྒྱ་མི་བོད་ལ་ཡོང་ནས་བོད་ལ་ཕན་ཐོགས་བྱུང་འདུག ཡང་ན་གྱོང་རག་འདུག་ཅེས་པ་དེར། རྒྱ་མི་བོད་ལ་ཡོང་བ་དེས་བོད་ལ་གྱོང་རག་འདུག་ཅེས་གསུངས་པ་རེད། དེ་ང་ཚོ་ཕྱི་ལོགས་སུ་ཡོད་པའི་བོད་པ་ཚོས་ཁ་བདེ་པོ་བཤད་བཞག་པ་རྩ་བ་ནས་མ་རེད། བོད་ནང་དུ་ཡོད་པའི་བོད་མི་གནད་འགག་ཅན་ཚོས་བོད་ཀྱི་རིག་གཞུང་རྩ་བརླག་འགྲོ་གི་འདུག་ཅེས་གསུངས་པ་རེད། དེར་བརྟེན་ཚགས་པར་འགོད་མཁན་ཚོས་ཡིག་ཆ་འདིའི་རིགས་ལ་འགྲེལ་བཤད་གཏིང་རིང་པོ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང།

ཁྲིམས་རྩོད་པའི་འགྲོ་བ་མིའི་ཐོབ་ཐང་འབྲེལ་ལམ་ཚོགས་པའི་སྐུ་ཚབ་ཌོག་ཊར་ཨ་ནཱན་ཐི་ཡིས་སྙན་ཐོ་དེའི་ནང་དོན་ངོ་སྤྲོད་གནང་དོན། སྙན་ཐོའི་དཀར་ཆག་ནང་དུ། དང་པོ་བོད་ནང་དུ་འཛུགས་སྐྲུན་དང་དཔལ་འབྱོར་ཡར་རྒྱས་བཏང་བ་ཟེར་བའི་ཐོག་དོན་དངོས་བོད་ལ་ཕན་ཐོགས་ག་ཚད་བྱུང་ཡོད་མེད་དང། བོད་དེ་རྒྱ་མིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་སྐོར། དེ་བཞིན་བོད་ནང་གི་ཤེས་ཡོན་གྱི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་བོད་ཀྱི་སྐད་ཡིག་དང་རིག་གཞུང། དེ་བཞིན་ཆོས་ལུགས་བཅས་ལ་ཕན་ཐོགས་བྱུང་མེད་པ་སོགས་ཀྱི་གནས་ཚུལ་འཁོད་ཡོད་པ་རེད། སྤྱིར་བཏང་རྒྱ་ནག་གཞུང་གིས་བོད་དེ་བཅིངས་འགྲོལ་བཏང་བ་ཡིན་ཞེས་པ་དང། མི་མང་རྣམས་སྡུག་བསྔལ་ལས་བསྐྱབས་པ་ཡིན་ཞེས་པ་དེ་ཕྱི་ལྐོག་ཙམ་དུ་བེད་སྤྱོད་གཏོང་གི་ཡོད་པ་རེད། ད་དུང་བོད་ལ་བདེ་སྐྱིད་ཡོད། མེ་འཁོར་ལྕགས་ལམ་བཟོས་ཡོད། ཤེས་ཡོན་སྲིད་བྱུས་བསྐྱར་བཅོས་བྱས་ཡོད། འབྲོག་པ་ཚོ་ལ་སྡོད་ཁང་སྤྲད་ཡོད་ཅེས་པ་སོགས་ཁྱབ་བསྒྲགས་བྱེད་པ་དེ་ཚོའི་ནང་དོན་ངོ་མ་ནི་རྒྱ་མི་རིགས་ཀྱི་ཆེད་དུ་འཛུགས་སྐྲུན་བྱས་པ་ཞིག་དང། བོད་ཀྱི་རིག་གཞུང་རྩ་མེད་དུ་བཟོ་བ་དེ་ཆགས་ཡོད་པ་རེད་ཅེས་སོགས་གསུངས་སོང།།

{jcomments on}