གློག་ཀླད་སྦྱོང་བརྡར་འཛིན་གྲྭ་དེ་ཕན་ཐོགས་ཆེན་པོ་འདུག
ཟླ་འདིའི་ཚེས་༡ ཉིན་གྱི་ཞོགས་པ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གློག་ཀླད་སྦྱོང་བརྡར་འཛིན་གྲྭ་སྐབས་བཅུ་གཅིག་པ་སློབ་ཐོན་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང། སློབ་ཐོན་པ་རྣམས་ལ་ཤེས་ཡོན་གྱི་ལག་ཁྱེར་ཞིག་ཀྱང་སྤྲད་ཡོད་པ་རེད།
དེའི་ཐད་དེ་གའི་སློབ་ཐོན་པ་ཁག་ཅིག་ལ་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་དང་འབྲེལ། དགུ་བཅུ་གསུམ་ལས་འགུལ་ཁང་གི་ལོ་གཅིག་རིང་སྦྱོང་བརྡར་འཛིན་གྲྭར་ཞུགས་དགོས་པའི་དམིགས་ཡུལ་དང། གྲུབ་འབྲས་ཇི་བྱུང། སྦྱོང་བརྡར་འཛིན་གྲྭ་དེའི་སྐོར་དགེ་སྐྱོན་གྱི་བསམ་ཚུལ་གང་ཡོད་བཅར་འདྲི་བྱས་སྐབས། ཁག་ཅིག་གིས་བཅར་འདྲི་དང་ལེན་མ་བྱས་ཀྱང་དང་ལེན་བྱས་པ་རྣམས་གཤམ་ལྟར་ཡིན།
དེའི་སྐོར་ཕ་ཡུལ་ཁམས་ཚ་བ་དཔའ་ཤོད་རྫོང་ནས་ཡིན་པའི་བློ་བཟང་དཔལ་ལྡན་གྱིས་བརྗོད་དོན། ང་རང་སྔོན་མ་དགོན་པའི་ནང་ཞུགས་པའི་སྐབས་སུ་རྒྱ་གཞུང་གིས་གྲྭ་པ་བཅོ་ལྔ་ལས་ཞུགས་ཆོག་གི་མ་རེད་ཅེས་ཕྱིར་ཕུད་བཏང་བྱུང། དེ་ནས་ཕྱི་ལོ་༡༩༩༤ ལོར་ཕྱི་ཟླ་༣ པའི་ཚེས་༢༨ ཉིན་ང་དང་རོགས་པ་གཞན་བློ་བཟང་ཚེ་རྒྱལ་དང། འཆི་མེད་རྡོ་རྗེ། པདྨ་ཚེ་རིང། བྱམས་པ་བཀྲ་ཤིས་བཅས་གྲྭ་པ་ལྔ་ཡིས་དཔའ་ཤོད་རྫོང་སྲིད་གཞུང་གི་སྒོ་བྱང་ཀྲུང་གོ་གུང་ཁྲན་ཏང་མི་དམངས་སྲིད་གཞུང་ཞེས་པ་དེ་བཅག་ནས་མེར་བསྲེག་བཏང་བ་དང། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་ཀྱི་ཡིག་ཆ་བཀྲམ་པ་མ་ཟད། ཡིག་ཆའི་ནང་དུ་སོ་སོའི་མིང་རྟགས་བརྒྱབ་པ་ཡིན། དེ་ནས་ཚེས་༢༩ ཡིན་རྫོང་ཉེན་རྟོག་པའི་ལས་ཁུངས་ཀྱི་སྒོ་རའི་ནང་སྐད་འབོད་བྱས་པར་བརྟེན་འཛིན་བཟུང་བྱས་ནས། བློ་བཟང་ཚེ་རྒྱལ་དང། འཆི་མེད་རྡོ་རྗེ། པདྨ་ཚེ་རིང་གསུམ་ལ་ལོ་༡༥ རེ་དང། བྱམས་པ་བཀྲ་ཤིས་དང་ངེད་གཉིས་ལ་ལོ་༡༢ གྱི་ཁྲིམས་ཐག་བཅད་ནས་སྤོ་བོ་སྤྲ་མོག་བཙོན་ཁང་དུ་བཅུག་བྱུང། ཕྱི་ལོ་༢༠༠༦ ལོའི་ཕྱི་ཟླ་༣ ཚེས་༢༩ ཉིན་དུས་བཀག་ཚང་ནས་གློད་གྲོལ་བཏང་རྗེས། རྒྱ་གར་དུ་བྲོས་བྱོལ་ལ་ཡོང་ནས་དང་པོ་དབྱིན་ཇིའི་གསལ་བྱེད་ཡི་གེ་ཤེས་ཀྱི་མེད། བོད་ནང་ལ་སློབ་གྲྭ་འགྲོ་མྱོང་མེད། དེ་ནས་དགུ་བཅུ་གསུམ་སློབ་གྲྭར་ཞུགས་ནས་དམིགས་བསལ་དབྱིན་ཡིག་དགེ་རྒན་བསྟན་འཛིན་ལགས་ཀྱིས་ཡག་པོ་བསླབས་བྱུང། སོ་སོས་ཧུར་ཐག་སྦྱངས་པས་གང་འཚམ་ཡར་རྒྱས་ཕྱིན་སོང། དང་པོ་འཛུལ་ཞུགས་བྱས་དུས་བོད་ཡིག་ཏོག་ཙམ་ཤེས་ཀྱི་རེད་བསམ་སོང་ལ་དེ་ནས་དབྱིན་ཡིག་ཐད་ད་སྐབས་ཕལ་ཆེར་ཀློག་ཤེས་པ་ལྟ་བུ་ཆགས་སོང། སྤྱིར་བཏང་སློབ་གྲྭ་འདི་ཧ་ཅང་ཡག་པོ་འདུག དགེ་རྒན་གྱིས་ཧུར་ཐག་བསླབ། སློབ་མས་ཧུར་ཐག་སྦྱོང། དེ་ནས་མཐུན་རྐྱེན་ལ་སོགས་པ་ཡག་པོ་འདུག་ལ་ཕན་ཐོགས་ཆེན་པོ་འདུག་ཅེས་བརྗོད་བྱུང།
ཕ་ཡུལ་མལ་གྲོ་གུང་དཀར་རྫོང། བཀྲ་ཤིས་སྒང་ཤང་ནས་ཡིན་པའི་སྟོབས་འབྱོར་གྱིས་བརྗོད་དོན། ང་རང་ཕྱི་ལོ་༡༩༩༣ ལོའི་ཟླ་༣ པའི་ཚེས་༡༢ ཉིན་ལྷ་སའི་བར་སྐོར་ནང་ཞི་བའི་སྐད་འབོད་བྱས་སྐབས་འཛིན་བཟུང་བྱས་ནས་ལོ་༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། དེ་ནས་ཕྱི་ལོ་༡༩༩༨ ལོར་གློད་གྲོལ་བཏང་བྱུང། དེ་རྗེས་ཕྱི་ལོ་༢༠༠༩ ལོར་བོད་ནས་བཙན་བྱོལ་དུ་ཡོང་བ་ཡིན། དང་པོ་གསོག་སྒར་ཕྱིན་པ་ཡིན། དེ་ནས་གསོག་སྒར་སློབ་གྲྭ་ནས་དགོངས་པ་ཞུས་སྐབས་དམིགས་བསལ་སྡོད་གནས་གང་ཡང་མེད་སྟབས། དགུ་བཅུ་གསུམ་སློབ་གྲྭར་ལོ་གཅིག་རིང་སློབ་སྦྱོང་ཏོག་ཙམ་བྱེད་ཐུབ་པའི་རེ་བ་བཅངས་ནས་འཛུལ་ཞུགས་བྱས་པ་ཡིན། གློག་ཀླད་ཐད་ཡར་རྒྱས་ཏོག་ཙམ་ཕྱིན་སོང། གཞན་ནམ་རྒྱུན་ནས་སེམས་པ་སྐྱིད་པོ་མེད་པའི་སྟབས་ཀྱིས་སློབ་སྦྱོང་བྱེད་ཐུབ་ཀྱི་མི་འདུག་ལ། བོད་ཡིག་དང་དབྱིན་ཡིག་ཐོག་ཞེ་དྲག་ཡར་རྒྱས་གཏོང་ཐུབ་མ་བྱུང། ལོ་ཆུང་བའི་སྐབས་སུ་བཙོན་ཁང་དུ་ལྷག དེ་ནས་ལོ་རྒན་པ་ཆགས་དུས་འདིར་སླེབས། གསོག་སྒར་སློབ་གྲྭའི་ནང་བསྡད་མ་ཐུབ་པ་ཡིན་སྟབས། སྤྱིར་ལོ་གཅིག་རིང་གི་སློབ་སྦྱོང་གི་གོ་སྐབས་འདི་ཡག་པོ་མཐོང་གི་འདུག་ཅེས་བརྗོད་བྱུང།
དགའ་ལྡན་དགོན་པའི་གྲྭ་པ་དཀོན་མཆོག་དོན་ལྡན་གྱིས་དེའི་སྐོར་བརྗོད་དོན། ང་རང་ཕྱི་ལོ་༡༩༩༦ ཟླ་༥ པའི་ཚེས་༦ ལ་བོད་ནང་གི་དགའ་ལྡན་དགོན་པར་༧གོང་ས་མཆོག་གི་སྐུ་པར་ཐོག་མར་བཀག་སྡོམ་བྱས་པའི་སྐབས་སུ་རེད། བོད་ཁྱོན་ཡོངས་ལ་སྐུ་པར་དམ་དྲག་བྱེད་རྒྱུ་དེ་དུས་འགོ་བཙུགས་པ་རེད། དེའི་སྐབས་སུ་གྲྭ་མང་གིས་ངོ་རྒོལ་བྱས་པའི་སྐབས་སུ་འཛུལ་ཞུགས་བྱས་པ་ཡིན། དེ་ནས་དགོན་པ་ནས་ཕྱིར་ཕུད་བཏང་བ་རེད། དེ་རྗེས་༡༩༩༧ ལོར་བཙན་བྱོལ་དུ་ཡོང་བ་ཡིན། ལོ་གཅིག་གི་རིང་དགུ་བཅུ་གསུམ་གྱི་སློབ་གྲྭར་འཛུལ་ཞུགས་དགོས་པའི་དམིགས་ཡུལ་ནི། དེང་སང་དབྱིན་ཇི་དང་གློག་ཀླད་མ་ཤེས་པ་གང་དུ་སོང་ཡང་དཀའ་ངལ་ཞིག་རང་བཞིན་གྱིས་འཕྲད་ཡོང་གི་འདུག རྒྱ་གར་ནང་དུ་རླངས་འཁོར་འཛིན་བྱང་ཉོ་བ་དང། ཟ་ཁང་དུ་འགྲོ་བའི་སྐབས་སོགས་ལ་དབྱིན་སྐད་ཏོག་ཙམ་མ་ཤེས་ན་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག དེར་བརྟེན་གོ་སྐབས་དེ་ཡག་པོ་ཞིག་མཐོང་བྱུང་བས་འཛུལ་ཞུགས་བྱས་པ་ཡིན། ལོ་གཅིག་ལ་དཔག་པའི་རིང་ལ་སློབ་སྦྱོང་ཧུར་ཐག་བྱས་པས་ཡར་རྒྱས་ཡག་པོ་ཕྱིན་སོང། སྤྱིར་བཏང་ལོ་གཅིག་རིང་གི་སློབ་སྦྱོང་གི་གོ་སྐབས་འདི་ཕན་ཐོགས་ཆེན་པོ་འདུག ད་དུང་སློབ་སྦྱོང་གི་དུས་ཚོད་དེ་ལོ་གཉིས་གསུམ་རིང་དུ་གཏོང་ཐུབ་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་འདུག་ཅེས་བརྗོད་བྱུང།
ཕ་ཡུལ་ཁམས་སོག་རྫོང་ནས་ཡིན་པའི་ཚེ་རིང་དར་དགའ་ཡིས་དེའི་སྐོར་བརྗོད་དོན། ང་རང་ཕྱི་ལོ་༡༩༩༣ ལོར་སོག་རྫོང་དུ་རྒྱ་མིའི་ཚོང་ཁང་དང་ཟ་ཁང་རྩ་མེད་ཐེངས་གཅིག་བཟོས་པའི་སྐབས་སུ་དེའི་ལས་འགུལ་ནང་ཞུགས་ནས་འཛིན་བཟུང་བཀག་ཉར་བྱས་པ་རེད། དེ་རྗེས་ཆབ་སྲིད་ཀྱི་ཐོབ་ཐང་གང་ཡང་མ་རག་པར་མི་ནག་་པོ་ལྟ་བུ་ཞིག་བཟོས་པ་རེད། དེ་ནས་༢༠༠༨ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཡོང་བ་ཡིན། ཕྱི་ལོ་༢༠༡༠ ལོར་དགུ་བཅུ་གསུམ་སློབ་གྲྭའི་ནང་འཛུལ་ཞུགས་ཀྱི་ཡིག་རྒྱུགས་བཏང་ནས་འཕྲོད་པ་རེད། དེ་ནས་སློབ་སྦྱོང་གང་འཚམ་ཡར་རྒྱས་གཏོང་བའི་དམིགས་ཡུལ་བཟུང་ནས་སློབ་སྦྱོང་བྱས་པ་ཡིན། དེའི་སྐབས་སུ་བོད་ཡིག་དང། དབྱིན་ཡིག གློག་ཀླད་བཅས་ཀྱི་སློབ་སྦྱོང་གི་གོ་སྐབས་ཧ་ཅང་ཡག་པོ་ཐོབ་བྱུང་བས། སོ་སོའི་ངོས་ནས་ཟླ་བ་དགུ་ཙམ་རིང་རྒན་བདག་གི་འགན་ཁུར་ནས་སྒྲིག་འཛུགས་དང་གཙང་སྦྲ་སོགས་ཀྱི་ཐད་གང་ཐུབ་བྱས་པ་ཡིན། སློབ་ཐོན་སྐབས་སུ་ཡིག་རྒྱུགས་ཨང་གཉིས་པའི་ལག་ཁྱེར་གནང་བྱུང་། བོད་དགུ་བཅུ་གསུམ་གྱི་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱིས་ང་ཚོ་ལ་རྒྱབ་སྐྱོར་སོགས་ཧ་ཅང་ཡག་པོ་གནང་གི་འདུག་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ང་ཚོ་ལ་ལྟ་སྐོར་དུ་ཡོང་ནས་རོགས་རམ་གང་ལེགས་གནང་གི་འདུག སྤྱིར་སློབ་སྦྱོང་གི་དུས་ཡུན་དེ་ཏོག་ཙམ་ཐུང་དྲགས་པའི་ཚོར་སྣང་ཡོང་གི་འདུག དབྱིན་ཡིག་ཏོག་ཙམ་ཤེས་པའི་སྐབས་སུ་དུས་ཚོད་རྫོགས་ཚར་བ་ལྟ་བུ་ཆགས་ཀྱི་འདུག གཞན་བཟའ་ཆས་དང་ཉལ་ཁང་སོགས་ཀྱི་མཐུན་རྐྱེན་ཧ་ཅང་ཡག་པོ་འདུག་ལ་ཕན་ཐོགས་ཆེན་པོ་འདུག་ཅེས་བརྗོད་བྱུང།།
{jcomments on}