དྷ་ས་ཁུལ་གྱི་བོད་ཀྱི་སྙན་ངག་གྱེར་འདོན་འགྲན་ཚོགས།

འགྲན་སྡུར་དེའི་ཐོག་འགྲན་ཞུགས་པ་རྣམས་ལ་སྐར་གྲངས་སྤྲོད་མཁན་དཔྱད་འདེམས་པ་ནི། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཁང་གི་སློབ་སྤྱི་ལྷ་ཆབ་སྦྱིན་པ་དང། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་གཙང་ཕྲུག་སྟོབས་ལགས། བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་བཅས་ཡིན་པ་རེད།

ཐེངས་འདིའི་དྷ་ས་ཁུལ་གྱི་སྔོན་འགྲོའི་འགྲན་བསྡུར་ནང་དུ་ཁྱོན་མི་གྲངས་༧༢ ཞུགས་ཡོད་པ་དང། དེའི་ཁྲོད་ནས་མི་༢༦ བདམས་ཐོན་བྱུང་ཡོད་པ་རེད། འགྲན་བསྡུར་ཁྲོད་དཔེ་སྟོན་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྐྱིད་དང། བསྟན་འཛིན་ཀུན་གྲོལ་གཉིས་ལ་བརྒྱ་ཆ་༨༨ གྲངས་ཆུང་༢ ཐོབ་ནས་ཨང་དང་པོ་དང། གསོག་སྒར་སློབ་གྲྭའི་སློབ་མ་ཤེས་རབ་ལ་བརྒྱ་ཆ་༨༧ དང་གྲངས་ཆུང་༣ ཐོབ་ནས་ཨང་གཉིས་པ། ནོར་གླིང་སློབ་མཐོ་སློབ་ཀྱི་སློབ་མ་ཀླུ་མོ་འཚོ་ལ་བརྒྱ་ཆ་༨༣ དང་གྲངས་ཆུང་༧ ཐོབ་ནས་ཨང་གསུམ་པ་ཆགས་ཡོད་པ་རེད།

སྤྱིར་སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་དེ་ནི་སྔོན་འགྲོ་དང་དངོས་གཞི་གཉིས་དང། མཐའ་མའི་འགྲན་བསྡུར་བཅས་བྱ་འཆར་ཡོད་ཅིང། མཐའ་མའི་འགྲན་སྡུར་ནང་མི་༢༠ ནས་༣༠ བར་ཞུགས་ཐུབ་པའི་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད། ས་གནས་ཁག་མི་འདྲ་བ་ནས་སྙན་ངག་གྱེར་འདོན་འགྲན་སྡུར་གྱིས་མཐའ་མའི་འགྲན་སྡུར་བྱེད་ས་དྷ་རམ་ས་ལར་གཏན་ཁེལ་ཡོད་ཅིང། སྙན་ངག་གྱེར་འདོན་འགྲན་ཚོགས་འདི་བཙན་བྱོལ་ནང་རྒྱ་ཆེ་ཤོས་དེ་ཆགས་ཡོད་པ་རེད།།