ཙན་དན་ནག་ཚོང་བྱེད་མཁན་གྱི་གྲངས་ཀ་འཕར་བཞིན་པ།
རྒྱ་གར་ནས་བལ་ཡུལ་བརྒྱུད་བོད་དང་རྒྱ་ནག་ལ་དབོར་འདྲེན་བྱས་ནས་ཙན་དན་ནག་ཚོང་རྒྱག་མཁན་ལྡབ་འགྱུར་གྱིས་ཇེ་མང་ལ་འགྲོ་བཞིན་པ་དང་། ཉེ་བའི་ནང་བལ་ཡུལ་ཉེན་རྟོག་པས་རིམ་པས་བལ་ཡུལ་ནང་ཁུལ་དང་། ལྷག་དོན་བལ་བོད་ས་མཚམས་འགྲམ་ལ་བསྐྱོད་སའི་གཞུང་ལམ་ཐོག་ནག་ཚོང་རྒྱག་མཁན་མི་ཉུང་བ་འཛིན་བཟུང་དང་། ཙན་དན་ཕོན་ཆེན་གཞུང་བཞེས་བཏང་ཡོད་འདུག། དེའི་ཁྲོད་ཆེ་ཁག་ཅིག་ནི་༢༠༠༧ ལོའི་ཟླ་བཞི་པའི་ཚེས་༡༧ ཉིན་ཙན་དན་སྤྱི་རྒྱ་དགུ་སྟོང་གཞུང་བཞེས་བཏང་བ་དང་། ༢༠༠༧ ལོའི་སྤྱི་ཟླ་དྲུག་པའི་ཚེས་༢༩ ཉིན་ཙན་དན་སྤྱི་རྒྱ་ལྔ་སྟོང་། ༢༠༠༧ ལོའི་སྤྱི་ཟླ་༡༡ པའི་ཚེས་༡༡ ཉིན་ཙན་དན་སྤྱི་རྒྱ་གཉིས་སྟོང་ལྔ་བརྒྱ། ༢༠༠༧ ཟླ་༡༢ ཚེས ༡༦ ཉིན་ཙན་དན་སྤྱི་རྒྱ་སུམ་སྟོང་། ༢༠༠༨ ལོའི་ཟླ་༩ པའི་ཚེས་༡༦ ཉིན་ཙན་དན་སྤྱི་རྒྱ་སུམ་སྟོང་། ༢༠༡༡ ལོའི་ཟླ་༤ པའི་ཚེས་༡༣ ཉིན་ཙན་དན་སྤྱི་རྒྱ་བདུན་སྟོང་བཅས་བཞུང་བཞེས་བཏང་ཡོད་འདུག།
དེའི་གྲངས་འབོར་ནི་ཙན་དན་སྤྱི་རྒྱ་སྟོང་ཕྲག་བརྒལ་བ་ཡིན་པ་དང་གཞན་ཉུང་གྲས་རིགས་ཧ་ཅང་མང་པོ་ལག་སོན་བྱུང་ཡོད་པ་རེད། ཙན་དན་དེ་དག་རྒྱ་གར་ནས་དབོར་ཡོང་བ་དང་། བལ་ཡུལ་ནས་བྲོ་ཕྱེ་དང་འབྲས་ནང་ལ་བླུགས་ནས་གསང་སྟབས་ཀྱིས་བལ་བོད་ས་མཚམས་འགྲམ་ལ་དབོར་སྐྱེལ་བྱེད་བཞིན་པ་འབྲེལ་ཡོད་ཉེན་རྟོག་པས་བརྗོད་འདུག།
ད་དུང་ཉེན་རྟོག་པའི་འགོ་དཔོན་ཅཱན་དྷ་ཡིས་བརྗོད་དོན། ཙན་དན་་དབོར་སྐྱེལ་སྐབས་ས་གནས་ཡུལ་མི་དང་ས་གནས་ཉེན་རྟོག་པ་སོགས་ཀྱིས་ལྐོག་དངུལ་བླངས་ནས་ལག་འབྲེལ་ཡོད་པའི་བཤད་ཚུལ་འདུག།འོན་ཀྱང་ཉེན་རྟོག་པར་ལག་འབྲེལ་ཡོད་པ་ངའི་ངོས་ནས་ད་བར་དཔང་རྟགས་མ་བྱུང་། ད་ཆ་ས་གནས་ཏ་ཏཱོ་པཱ་ནི་ལ་ཉེན་རྟོག་འགོ་དཔོན་བརྗེས་ཡོད། གལ་སྲིད་དེ་དངོས་ཡོད་ཡིན་པ་ར་འཕྲོད་ཚེ་ཉེན་རྟོག་པ་དེར་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་ཅེས་བརྗོད་འདུག
གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཙན་དན་སྤྱི་རྒྱ་གཅིག་ལ་བལ་ཡུལ་ནས་བལ་སྒོར་༣༠༠༠ ཙམ་ཡིན་ཡང་གལ་སྲིད་འགྲམ་འགག་སྒོ་བརྒལ་ཐུབ་པ་བྱུང་ཚེ་བལ་སྒོར་༩༠༠༠ རག་གི་ཡོད་པ་དང་། ཤེས་རྟོགས་བྱུང་བ་ལྟར་ན་ཙན་དན་དམར་པོ་ནི་རྒྱ་གར་གྱི་ས་གནས་ཁག་གཅིག་ནས་མ་གཏོགས་རག་གི་མེད་པ་དང་། རྒྱ་གར་དང་བལ་ཡུལ་དུ་ནག་ཚོང་ཡིན་ཡང་བལ་བོད་ས་མཚམས་བརྒལ་བའི་རྒྱ་ནག་གི་ཁྲོམ་རའི་ནང་ནག་ཚོང་ལ་བརྩི་ཡི་མེད་ཐོག ཤིང་དེ་དཀོན་པོ་ཡིན་པར་བརྟེན་འབྱོར་ལྡན་ཚོས་མེ་མདའི་ཡུ་བ་བཟོ་བ་དང་། ཁྱིམ་ཚང་གི་ནང་ཆས་བཟོ་བ་སོགས་ལ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་འདུག།
སྤྱིར་སྤྱིར་ཤིང་ཙན་དན་གྱི་སྡོང་པོ་ནི་དུས་རྒྱུན་མདོག་མི་འགྱུར་བར་སྔོ་ཐིང་ངེར་གནས་མཁན་ཞིག་དང། ས་དྲོ་སར་སྐྱེ་ཞིང་དྲི་ཞིམ་པ་དང་། ཡོ་བྱད་དང་སྤོས་ཀྱི་རྒྱུ་ཆ་བྱེད་ཆོག་ལ་སྨན་ཡང་བྱེད་ཆོག་པའི་ཤིང་རྩ་ཆེན་དེ་ལ་ཙན་དན་དཀར་པོ་དང་ཙན་དན་དམར་པོ་ཞེས་རིགས་གཉིས་ཡོད་པ་རེད།།
བལ་ཡུལ་གསར་འགོད་པས།