ཡང་སྲིད་ངོས་འཛིན་ལ་རྒྱ་ནག་གི་ཐེ་བྱུས་མེད།

ཟླ་བ་འདིའི་ཚེས་༡ ཉིན་ཨ་རིར་ཡོད་པའི་གསར་འགོད་པའི་ཚོགས་པ་ཞིག་གིས་༧གོང་ས་མཆོག་ལ་བཅར་འདྲི་བྱས་སྐབས། ༧གོང་ས་མཆོག་གིས་བཀའ་ལན་བསྩལ་དོན། ཁོང་གི་ཡང་སྲིད་ནི་བཙན་བྱོལ་དུ་འཁྲུངས་རྒྱུ་ཡིན་པ་དང། གལ་ཏེ་དགོས་མཁོ་ཡོད་ན་ཁོང་གིས་མ་འདས་སྤྲུལ་སྐུ་ཡང་ངོས་འཛིན་བྱེད་སྲིད་ཅེས་བཀའ་བསྩལ་ཡོད་པ་རེད།

༧གོང་ས་མཆོག་གིས་གསུང་དོན། ཁོང་གི་ཡང་སྲིད་ཐད་ཐག་གཅོད་བྱེད་རྒྱུ་དེ་ནི་ཁོང་ཉིད་ལ་ཡོད་པ་ལས་གཞན་སུ་ལའང་མེད་པ་རེད། དམིགས་གསལ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་ལ་དེ་བས་མེད་པ་རེད་ཅེས་དང། རྒྱ་ནག་དམར་ཤོག་ཚོགས་པ་ནི་ཆོས་ལ་ཡིད་ཆེས་མེད་མཁན་ཞིག་ཡིན་པར་བརྟེན་ཆོས་ཀྱི་གནད་དོན་ཐད་ཇུས་གཏོགས་གང་ཡང་བྱེད་ཆོག་གི་མ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་ནི་སྲིད་དབང་གི་དབང་བསྒྱུར་ཁོ་ནས་སྨྱོན་པ་ཆགས་ཏེ་དེ་ལྟར་བྱེད་འདོད་པ་དེ་ནི་ཁྲེལ་མེད་རེད་ཅེས་བཀའ་བསྩལ་ཡོད་པ་རེད།

ཉེ་ཆར་ཁོང་གིས་སྲིད་དབང་དེ་མི་མང་ལ་རྩིས་སྤྲོད་གནང་སྐོར་ལ། ཁོང་གིས་ད་དུང་ཡང་བོད་མི་ཡིན་པའི་ཆ་ནས་འགན་འཁྲི་ཞིག་ཡོད་པས། དེའི་ལས་རྒས་ཡོལ་དུ་ཕྱིན་མེད་པ་དང། ཁོང་བོད་ལ་ཕྱིར་ལོག་གནང་རྒྱུ་དེ་ནི་བོད་ཀྱི་གནད་དོན་གཅིག་ཁོ་ན་མིན་པར། ཁོང་གི་འགན་འཁུར་དེ་ནི་བོད་མི་ས་ཡ་དྲུག་ལ་གཞི་རྩའི་ཐོབ་ཐང་རགས་པར་བྱ་རྒྱུ་དང་རང་གི་ཆོས་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་རྒྱུ་བཅས་ཡིན་པ་རེད་ཅེས་བཀའ་བསྩལ་བ་དང། གལ་ཏེ་རྒྱ་ནག་གཞུང་ནས་དངོས་ཡོད་ཀྱི་གནས་གནད་དོན་འདི་ལ་ལྷག་བསམ་རྣམ་དག་གི་ཐོག་ནས་གྲོས་མོལ་བྱེད་འདོད་ཡོད་ཚེ་ཁོང་ནས་དེ་ལ་མཐུན་འགྱུར་གནང་རྒྱུར་རྟག་ཏུ་གྲ་སྒྲིག་ཨང་སར་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད།

རྒྱ་ནག་གི་བསམ་ཚུལ་ལ། གལ་ཏེ་༧གོང་ས་མཆོག་ཞལ་མ་བཞུགས་པ་ཡིན་ན། བོད་མིའི་འཐབ་རྩོད་ཀྱི་རྩ་དོན་རྣམས་བརླགས་པ་དང། ཁོ་ཚོས་རྒྱ་ནག་གི་ནང་ནས་ཏཱ་ལའི་བླ་མ་གསར་པ་ཞིག་བདམས་ཏེ་བོད་མིའི་ཆོས་དང་རིག་གཞུང་གོམས་སྲོལ་ནང་ཐད་བྱུས་ཀྱིས་བོད་ལ་མུ་མཐའ་མེད་པའི་དབང་བསྒྱུར་བྱེད་པའི་རྩིས་རྒྱག་བཞིན་ཡོད་པ་རེད།།