ཏུ་ནི་ཤི་ཡའི་སྲིད་འཛིན་ཟུར་པར་ཁྲིམས་ཆད།

ཁོ་པའི་ཕྱོགས་གཏོགས་ཀྱིས་སྒྱུ་རྩལ་དངོས་རིགས་དང་། གནའ་བོའི་དངོས་རྫས་སོགས་རྒྱལ་ཁབ་གཞན་གྱི་དཔོན་རིགས་ཁག་གི་ལག་རྟགས་ཡིན་ཚུལ་དང། ཐ་མ་ནག་པོ་དང་མྱོས་རྫས་རིགས་སོགས་མི་གཞན་གྱི་ངན་བསྐུལ་འོག་ཕོ་བྲང་དུ་བསྐྱལ་བ་ལས་དངོས་ཡོད་ཀྱི་ནག་ཉེས་མེད་ཅེས་ཁུངས་སྐྱེལ་དག་འབུད་བྱས་ཡོད་རུང། སླར་ཡང་རེས་གཟའ་ཟླ་བའི་ཉིན་བྷན་ཨཱ་ལི་ཡིས་གཞན་ནོར་ཧམ་ཟོས་དང་། ཚུལ་མིན་བདག་བཟུང་བྱས་པའི་གྱོད་གཞི་སླར་ཡང་གསར་རྙེད་བྱུང་བས་བྷན་ཨཱ་ལི་ལ་ལོ་བཅོ་ལྔ་དང་ཕྱེད་ཀའི་དུས་ཡུན་འཕར་འགྱངས་དང་། ཨ་སྒོར་བདུན་ཁྲི་ཉིས་སྟོང་བཅས་ཀྱི་ཁྲིམས་ཐག་ཐེངས་གཉིས་པ་དེ་བཅད་ཡོད་པ་དང་། དེ་ནི་ཏུ་ནིཤི་ཡའི་གཞུང་ཕྱོགས་ནས་ཉེས་ཅན་བྲོས་བྱོལ་དུ་སོང་ཟིན་ནའང་ཁྲིམས་ཐོག་ནས་ལོ་ལྔ་བཅུའི་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་ཆགས་ཡོད་པ་རེད།

བྷན་ཨཱ་ལི་ཡིས་ཏུ་ནི་ཤི་ཡཱའི་གཞུང་འཛིན་དབང་ཆ་ཕལ་ཆེར་ལོ་ཉི་ཤུ་ལྷག་རིང་བདག་བཟུང་བྱས་ཡོད་པ་དང། དེ་རྗེས་མི་མང་གིས་ངོ་རྒོལ་སྐད་འབོད་ཟླ་གཅིག་ལྷག་ཙམ་བྱས་རྗེས། སྲིད་འཛིན་ཟུར་པ་བྷན་ཨཱ་ལི་འདི་ལོའི་ཟླ་༡ ཚེས་༡༤ ཉིན་སོའོ་དྷི་ཨ་རབ་བྷི་ཡར་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད། ཡིན་ནའང་ཨ་རབ་བྷི་ཡ་གཞུང་གིས་ཉེས་ཅན་ཕྱིར་སློག་བྱ་རྒྱུར་ད་བར་ངོས་ལེན་གང་ཡང་བྱས་མེད་པ་རེད་འདུག།།