ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་འཁྲུངས་སྐར་སྲུང་བརྩི།

mundgod brithday

ཟླ་འདིའི་ཚེས་༥ ཉིན་གྱི་ཞོགས་པ་འཁྲུངས་སྐར་སྲུང་བརྩིའི་སྔོན་འགྲོར་ནོར་བུ་རི་རྩེར་གྲྭ་ཚང་དང་གཞིས་གྲོང་ཁག་དགུའི་སེར་སྐྱ་མི་མང་མཉམ་འཛོམས་ཀྱིས་ཐོག་མར་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོ་གདན་ཞུ་དང་མཇལ་དར་སྒྲོན་འབུལ། དེ་བཞིན་བསང་གསོལ་དང་རླུང་རྟ་སྒྲེང་འཛུགས་སོགས་སྔོན་འགྲོའི་ལས་རིམ་རྣམས་གྲུབ་རྗེས། དགའ་ལྡན་བྱང་རྩེའི་འདུ་ཁང་ཆེན་མོའི་མདུན་ཐང་དུ་ས་གནས་མི་མང་མཉམ་འཛོམས་ཀྱི་མོན་གྷོ་ས་གནས་གཞིས་ལུས་ཁང་གི་གཙོས་མོན་གྷོ་ས་གནས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང་། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་བཅས་ཀྱི་གོ་སྒྲིག་འོག་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་འཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་རེད།

ལས་འགུལ་དེ་ནི་དགའ་བྱང་འདུ་ཁང་མདུན་ཐང་ནས་མོན་ས་གནས་གྲོང་སྡེའི་བར་རྐང་རྒྱུག་འགྲན་སྡུར་གྱི་རྣམ་པའི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་གཞི་འདྲ་མིན་སྤེལ་སོང་ལ། ལས་འགུལ་དེའི་སྣེ་ཁྲིད་དང་མཉམ་ཞུགས་གནང་མཁན་གཙོ་བོ་མོན་གྷོ་ས་གནས་གཞིས་འགོ་དཔལ་ལྡན་དོན་གྲུབ་གཙོས་ལས་ཀྱི་སྣེ་མོ་བ་རྣམས་དང་དགའ་ལྡན་བྱང་རྩེ་སློབ་གྲྭའི་དགེ་སློབ་རྣམས། བཅས་མོན་གྷོ་ས་གནས་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་བ་དེ་བཞིན་ས་གནས་སེར་སྐྱ་ཉིས་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་པ་རེད།

mundgod brithday 2011  7  5དེ་ཡང་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ལས་འགུལ་དེ་དང་འབྲེལ་བའི་སྐོར་གསུང་བཤད་གནང་དོན།  ༧གོང་ས་མཆོག་གི་དུས་དང་རྣམ་པ་ཀུན་ཏུ་ཁོར་ཡུག་སྲུང་སྐྱོབ་ལ་ཐུགས་སྣང་གནང་གི་ཡོད་པ་མ་ཟད། ལྗོན་ཤིང་འདེབས་བཙུགས་དགོས་པ་སོགས་ཀྱི་སྐོར་ལ་ལམ་སྟོན་གནང་གི་ཡོད་པ་རེད། དེར་བརྟེན་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་༧རྒྱལ་བའི་སྐུ་ཕྱ་ཞབས་རིམ་གཙོ་བོར་དམིགས་ཏེ་ཁོར་ཡུག་སྲུང་སྐྱོབ་ཡོང་ཆེད་དུ། ང་ཚོས་ལོ་ལྟར་ལྗོན་ཤིང་འདེབས་འཛུགས་བྱས་པ་རེད། ད་ལོ་རྣམ་པ་མ་འདྲ་བའི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བ་འདིའི་མོན་གྷོ་ས་གནས་རྒྱ་གར་ཡུལ་མི་ཡོངས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་ཆེད་སོགས་དགེ་ཕན་མང་པོ་ཞིག་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་སོང་། ཉིན་འདིའི་ལས་འགུལ་ནང་རྒྱ་གར་མོན་གྷོ་ས་གནས་ཀྱི་ཚོགས་པ་དང་ཡུལ་མི་སློབ་ཕྲུག་སོགས་མི་མང་ཕོན་ཆེན་མཉམ་ཞུགས་བྱས་ཡོད་པ་རེད།

གཞན་ཡང་ཉིན་འདུར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་མོན་གྷོ་ས་གནས་བོད་གཞུང་སྨན་རྩིས་ཁང་གིས་བོད་མི་དང་ས་གནས་རྒྱ་གར་ཡུལ་མི་བཅས་ལ་སྨན་རིན་མེད་ཐོག་གསོལ་བསྩལ་གནང་བ་སོགས་ཀྱི་མཚོན་མོན་གྷོ་ས་གནས་གཞིས་དགོན་ཡོངས་ཀྱི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་རྩིའི་སྔོན་འགྲོའི་མཛད་རིམ་ཡོངས་ལེགས་འགྲུབ་བྱུང་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།

{jcomments on}