རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབོད་སྐུལ།

 

དེ་ཡང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་རྒྱུན་ལས་ཨི་ཊ་ལིའི་གྲོས་ཚོགས་ཀྱི་འཐུས་མི་མཱ་ཀིའུ་མཱ་སཱ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཐཱོ་མི་སི་མན་ལགས་བཅས་ཀྱིས་མཚན་འཁོད་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་ནང་གི་དགེ་བཙུན་རྣམས་ཀྱིས་གཙོས་བོད་མི་ཞི་རྒོལ་བ་ཚོས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཆེད། གཞུང་ལམ་དུ་ཐོན་ཏེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་ཞུ་དགོས་པའི་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་བྱས་དང་བྱེད་མུས་རེད། ཞི་རྒོལ་བ་དེ་དག་རྒྱ་ནག་གཞུང་གི་མི་སྣས་བསྟུད་མར་འཛིན་བཟུང་བྱས་དང་བྱེད་བཞིན་ཡོད་པར་ང་ཚོར་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།

དེ་བཞིན་རྒྱ་ནག་གཞུང་ནས་དཀར་མཛེས་ཁུལ་གྱི་བོད་མི་ཞི་རྒོལ་བའི་ཐོག་དྲག་པོ་ཐབས་ལམ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ནི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྟ་ཚུལ་ལྟར་ན། རྒྱལ་ཁབ་ཀྱི་རྒྱུ་འབྱོར་མཐུན་འགྱུར་བྱས་པའི་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་དོན་ཞིག་ཆགས་ཡོད། གལ་ཏེ་རྒྱ་ནག་གཞུང་ཕྱོགས་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་འདོད་ཀྱི་ཡོད་ན། བོད་མི་ཚོས་རང་གི་བསམ་ཚུལ་རང་དབང་གིས་ཤོད་རྒྱུའི་ཐོབ་ཐང་ལ་རྒྱ་གཞུང་ནས་གུས་བརྩི་ཞུ་དགོས་ཀྱི་ཡོད་པ་དེ་ངེས་པར་དུ་ཤེས་པ་བྱེད་དགོས། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་འཆར་གཞི་ལྡན་པའི་སྒོ་ནས་རྩིས་མེད་རྡོག་རོལ་གཏོང་བཞིན་པར་གཞིགས་ཏེ། འཛམ་གླིང་ཡུལ་གྲུ་ཁག་གི་གཞུང་དང་གྲོས་ཚོགས་ཀྱི་འཐུས་མི། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་ནས་བོད་ཁམས་དཀར་མཛེས་ནང་ད་ལྟ་འཕྲད་བཞིན་པའི་གདུག་རྩུབ་ཅན་གྱི་དྲག་གནོན་བྱེད་མུས་ཡིན་པ་དེ་མཚམས་འཇོག་ཡོང་ཐབས་སུ་ཐེ་བྱུས་བྱེད་དགོས། དེང་སྐབས་དཀར་མཛེས་ཁུལ་དུ་རྒྱ་གཞུང་གིས་སྐོར་སྲུང་བ་དང་ཉེན་རྟོག་མང་དག་ཅིག་འགྲེམས་འཇོག་བྱས་འདུག་ཅེས་བརྗོད་ཡོད་པ་རེེད།།

{jcomments on}