༧གོང་ས་མཆོག་དགུང་ལོ་༧༦ གྱི་འཁྲུངས་སྐར་དུས་ཆེན་སྲུང་བརྩི།

hh_birthday04མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བས་གཙོས་པའི་ཁྲིམས་ཞིབ་པ་རྣམས་དང། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གཙོས་པའི་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གཙོས་པའི་སྤྱི་འཐུས་རྣམ་པ། གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ་གཙོས་སྲི་ཞུ་ལས་བྱེད་པ་རྣམས་དང། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང། ས་གནས་ཀྱི་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་རེད།

hh_birthday05མཛད་སྒོ་དབུ་འཛུགས་ཐོག་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་བཀའ་ཁྲི་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས། དེ་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་བཀའ་ཁྲི་མཆོག་གིས་མཎྜལ་རྟེན་གསུམ་འདེགས་ཞུས་རྗེས། ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཞོན་སོགས་ཀྱིས་རྟེན་འབྱུང་གི་མཇལ་དར་སྒྲོན་འབུལ་ཞུས། དེ་རྗེས་བཀའ་ཁྲི་མཆོག་གིས་ཆོས་རིག་ལས་ཁུངས་ཀྱིས་པར་སྐྲུན་ཞུས་པའི་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་གི་ལོ་རྒྱུས་དང། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་ཀྱི་ཆོས་འབྱུང་སྙིང་བསྡུས་ཅེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང། བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་ཞེས་པའི་དཔེ་དེབ་ཅིག་དང། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་གིས་པར་སྐྲུན་བྱས་པའི་༧གོང་ས་མཆོག་གི་མཛད་རྣམ་བརྙན་དེབ་འཇིག་རྟེན་མིག་འབྱེད་ཅེས་པ་བཀའ་ཁྲི་མཆོག་གིས་དབུ་འབྱེད་གནང། ཕྱི་དྲིལ་ལས་ཁུངས་ནས་པར་བསྐྲུན་བྱས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་སྙན་ཐོ་དེབ་གཟུགས་སུ་དཔར་བ་ཁྲིམས་ཞིབ་པ་ཆེ་བས་དབུ་འབྱེད་གནང་སོང།

དེ་ནས་ཞབས་ལོ་ཧྲིལ་པོ་༢༥ འཁོར་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་ཁག་ཅིག་ལ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་ལེགས་སྐྱེས་གོ་སྒྲིག་དང། བཀའ་ཁྲི་མཆོག་གིས་ལེགས་སྐྱེས་བསྩལ་གྲུབ་རྗེས། ༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༥ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ནས་བཟུང་ལོ་གཅིག་རིང་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་ཇི་སྤེལ། དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དྲུང་ཆེ་བཀྲ་ཤིས་ནོར་བུས་ལས་བསྡོམས་སྙན་སྒྲོན་གནང་སོང།

hh_birthday02དེ་རྗེས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་༧སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གྱི་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་གྲུབ་རྗེས། བོད་གཞུང་ཟློས་གར་ཚོགས་པ་དང། ཡོངས་གླིང་སྔོན་འགྲོའི་སློབ་གྲྭ། དཔེ་སྟོན་སློབ་གྲྭ། ཐང་སྟོང་གླུ་གར། དྷ་ས་ས་གནས་མདོ་སྟོད་ཆུ་སྒང་དང། མདོ་སྨད། དབུ་གཙང་ཆོལ་ཁ་བཅས་དང། གཞན་ཡང་གསོག་སྒར་སློབ་གྲྭ་དང། གྷོ་པལ་པུར། དྷ་སྟེང་བོད་ཁྱིམ། དྷ་ཤོད་བོད་ཁྱིམ། དྷ་སྟེང་ཉིན་སློབ། སཱ་ར་མཐོ་སློབ། ནོར་བུ་གླིང་ཁ་བཅས་ཚོགས་པ་དང། སློབ་གྲྭ་ཁག་གིས་སྐུའི་འཁྲུངས་སྐར་དུས་ཆེན་ལ་རྟེན་འབྲེལ་གྱི་ཆེད་དུ་གཞས་སྣ་འདྲ་མིན་གཟིགས་འབུལ་ཞུས་ནས་མཛད་སྒོ་ལེགས་འགྲུབ་བྱུང་ཡོད་པ་རེད།

གཞན་ཡང་འཁྲུངས་སྐར་དུས་ཆེན་དང་བསྟུན་ནས་ཚགས་པར་གསར་པ་འཚོང་མཁན་དང། དེབ་གསར་པ་འཚོང་མཁན། འོད་སྡེར་གསར་པ་འཚོང་མཁན། དེ་བཞིན་བཟའ་ཆས་རིགས་འདྲ་མིན་འཚོང་མཁན་སོགས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།།

{jcomments on}