བལ་ཡུལ་དུ་འཁྲུངས་སྐར་བཀག་བསྡོམས་དང་བོད་མི་འཛིན་བཟུང་།

དེ་ཡང་སྔ་ས་ནས་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ལས་ཁང་དང་། རྒྱལ་འཕགས་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་ནས་གྲ་སྒྲིག་བྱས་པ་ལྟར། ཕྱི་ཚེས་༦ ཉིན་གྱི་ཞོགས་པ་སྔ་མོ་ནས་བོད་མི་ཚོ་དང་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ནང་པའི་མི་རིགས་ཚོ་བལ་ཡུལ་རྒྱལ་སའི་ཉེ་འགྲམ་འཕགས་པ་ཤིང་ཀུན་ཁུལ་གྱི་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་རྩེད་ཐང་དུ་འཁྲུངས་སྐར་མཛད་སྒོར་བཅར་སྐབས། མཛད་སྒོ་ཚོགས་ཡུལ་སློབ་གྲྭའི་ཉེ་འཁོར་ཡོངས་ཀྱི་གཙོས་ས་གནས་གང་སར་བལ་ཡུལ་གྱི་ཉེན་རྟོག་སྐོར་སྲུང་བ་མང་པོ་བཀྲམ་ནས་བོད་མི་ཚོ་མཉམ་དུ་འཛོམས་རྒྱུར་དམ་དྲག་བཀག་འགོག་ཤུགས་ཆེན་བྱས་ཡོད་པ་རེད།

nepal_6_7_2011ལྷག་དོན་གསང་སྟབས་ཀྱིས་ཐབས་ཤེས་འདྲ་མིན་བརྒྱུད་མཛད་སྒོ་ཚོགས་ཡུལ་ལ་འབྱོར་བ་རྣམས་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་པས་རྣམ་རྒྱལ་སློབ་གྲྭའི་སྒོ་ཆེན་དང་དེའི་གཡས་གཡོན་ཡོངས་སུ་བཀག་ནས་བཙན་གྱིས་ཕྱིར་ཕུད་བཏང་བ་དང། སྐབས་དེར་ཉེན་རྟོག་པས་བཀག་བསྡོམས་བྱེད་ས་ལམ་ཁ་རང་ནས་བོད་མི་ཚོས་བསང་གསོལ་གཏོང་དགོས་བྱུང་བ་དང། ཉེན་རྟོག་པས་བོད་མི་བློ་བཟང་དང་། དོན་གྲུབ་ཟེར་སོགས་བོད་མི་ཁག་གཅིག་འཛིན་བཟུང་བྱས་ཏེ་ཁག་གཅིག་ལ་གཅར་རྡུང་བྱས་འདུག། དེ་དང་མཉམ་དུ་ཁུལ་དེར་སྐོར་སྲུང་བྱས་ཡོད།

འོན་ཀྱང་ཞོགས་པ་སྔ་མོ་ནས་བོད་མི་ཚོས་ཐབས་ཤེས་འདྲ་མིན་བྱས་ཏེ་མང་པོ་ཞིག་སློབ་གྲྭའི་ར་སྐོར་གྱང་སྟེང་ནས་མཆོངས་བ་སོགས་བྱས་ཏེ། མི་གྲངས་བརྒྱ་ཕྲག་ཁ་ཤས་ཤིག་སློབ་གྲྭའི་ནང་ཁུལ་ལ་ཐར་ཐུབ་པ་ཚོས་མཉམ་དུ་མཛད་རིམ་ལྟར་བྱེད་སྒོ་སྤེལ་ཡོད་པ་རེད། མཛད་སྒོའི་སྟེང་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་ལས་བླ་མ་དང་བོད་མི་མང་སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་མཚོ་མོ་གཉིས་ནས་བཀའ་ཤག་དང་སྤྱི་འཐུས་ནས་བསྩལ་བའི་གཏམ་བཤད་སྒྲོགས་སྦྱང་བྱས་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་བལ་ཡུལ་རྒྱལ་ཡོངས་ནང་པའི་ཚོགས་ཆེན་གྱི་དྲུང་ཆེ་འཇིགས་བྲལ་ལགས་ཀྱིས་གཏམ་བཤད་སྤེལ་དོན། གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་མི་དང་ཧི་མ་ལ་ཡའི་ནང་པའི་མི་རིགས་ཡོངས་ཀྱི་རྩ་བའི་བླ་མ་དང་། འཛམ་གླིང་གི་ནང་པའི་དབུ་ཁྲིད་ཡིན་པས་བལ་ཡུལ་དུ་དུས་དང་གནས་བབས་སྡུག་པོའི་འོག སྐུ་ཉིད་ཀྱི་འཁྲུངས་སྐར་བྱེད་སྒོ་ཙམ་ལ་འདི་ལྟར་བཀག་བསྡོམས་བྱས་པ་ནི་བློ་ཕམ་རེད། སྤྱིར་ང་རང་གོང་ས་མཆོག་ལྟ་བུའི་འཁྲུངས་སྐར་མཛད་སྒོའི་སྐུ་མགྲོན་ལ་ཡོང་རྒྱུར་ཕྱོགས་གང་ཐད་ནས་རན་པོ་མེད་ཀྱང་། གནས་སྟངས་འདི་འདྲའི་སྐབས་རྒྱབ་སྐྱོར་གྱི་ནུས་པ་གལ་ཆེ་བར་བསམ་ནས་བཅར་བ་ཡིན། གནས་སྐབས་བལ་ཡུལ་རྒྱལ་ནང་གི་ཆབ་སྲིད་སྲ་བརྟན་མེད་བའི་ཡོངས་ཁྱབ་གནས་སྟངས་ལ་ཚང་མས་བསམ་ཤེས་དང་བཟོད་བསྲན་བྱེད་གལ་ཆེ་བ་སོགས་བརྗོད་ཡོད་པ་རེད།
དེ་ལྟར་མཛད་རིམ་ལྟར་བལ་ཡུལ་ནང་གི་སློབ་གྲྭ་ཁག་གིས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་ཞབས་བྲོ་འདྲ་མིན་འཁྲབ་སྟོན་གཟིགས་འབུལ་བྱས་ནས་མཛད་སྒོ་གྲོལ་ཡོད་པ་དང། བལ་ཡུལ་ནང་བོད་མིར་དམ་དྲག་དཀའ་ངལ་གྱི་གནས་སྟངས་དེ་ལོ་ལྟར་ཇེ་སྡུག་ཏུ་འགྲོ་ཡི་ཡོད་པ་རེད།།
བལ་ཡུལ་གསར་འགོད་པས།

{jcomments on}