འཁྲུངས་སྐར་གྱི་ལག་རྟགས་ཡག་ཤོས་སེམས་བཟང་པོ་བྱེད་རྒྱུ་དེ་རེད།

ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཝ་ཤིང་ཊོན་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་དངོས་སུ་མཛད་སྒོའི་ཐོག་ཆིབས་བསྒྱུར་གནང་བ་དང། ལྷོ་ཨ་ཧྤི་རི་ཁའི་ཆོས་དཔོན་ཌེ་སེ་མོན་ཌི་ཊུ་ཊུ་མཆོག་གིས་བརྙན་འཕྲིན་བརྒྱུད་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་རེད།

ལྷོ་ཨ་ཧྤི་རི་ཁའི་ཆོས་དཔོན་ཌེ་སེ་མོན་ཌི་ཊུ་ཊུ་མཆོག་གིས་གསུང་དོན། “དེ་རིང་ངས་༧གོང་ས་མཆོག་ལ་དམིགས་བསལ་གྱི་རྒྱུ་མཚན་གསུམ་གྱི་ཐོག་ནས་འཚམས་འདྲི་ཞུ་ཡི་ཡོད། དང་པོ་དེ་༧གོང་ས་མཆོག་དགུང་ལོ་༧༦ ལ་ཕེབས་པའི་འཁྲུངས་སྐར་སྤྲོ་པོ་ཡོང་བ་དང་། ཉེ་ཆར་ཁོང་གིས་ཆབ་སྲིད་ཀྱི་སྐུ་དབང་ཕུལ་དེ་བགྲེས་ཡོལ་དུ་ཕེབས་པར་འཚམས་འདྲི་ཡོད། དེ་ནས་ཐེངས་འདིིའི་འཁྲུངས་སྐར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་སྲུང་བརྩི་ཐུབ་པ་དེར་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད། ཁོང་གིས་མུ་མཐུད་༧གོང་ས་མཆོག་གིས་བཀའ་སློབ་ཀྱི་ནུས་པའི་སྐོར་གསུང་དོན། “མི་སུ་འདྲ་ཞིག་གིས་༧གོང་ས་མཆོག་གི་བཀའ་སློབ་ལ་གསན་དུས་འཛམ་གླིང་ཞི་བདེ་དང་མི་ལ་ཕན་ཐོགས་པའི་ལས་ཀ་བྱེད་ཐུབ་ཀྱི་མི་འདུག་སྙམ་པ་སུ་གཅིག་ལ་ཡོང་གི་ཡོད་པ་མ་རེད། མི་ཁ་ཤས་ཀྱིས་ང་ལ་རྒྱུ་མཚན་ལ་མི་ལྟ་བ་དང་གནས་ལུགས་ལ་མི་ལྟ་བ་ཁ་ཤས་ཀྱིས་ཚུར་དྲག་རྩུབ་དང་སྡུག་ཕྱོགས་ཁོ་ན་བྱས་དུས་ཕར་ཡག་པོ་དང་བཟང་པོ་ག་འདྲ་བྱེད་དགོས་པ་རེད་ཅེས་འདྲི་ཡི་འདུག ཡིན་ནའང་མི་སོ་སོས་བཟང་པོ་བྱས་པ་དང་སོ་སོའི་ཁོར་ཡུག་གི་མི་བཟང་པོ་བྱས་ན་དེ་ལ་བརྟེན་ནས་མི་མང་པོ་ཞིག་བཟང་པོ་བཟོ་ཐུབ་ཀྱི་རེད། ང་ཚོས་ཕར་ཕྱོགས་ཀྱིས་ཉན་རྒྱུ་མ་རེད་ཟེར་གྱི་རེད་མོད། ཁོ་རང་ཚོར་ཡག་པོ་བྱས་པ་མཐོང་གི་རེད་ལ་ཉན་རྒྱུ་རེད། སྔ་ཕྱི་མ་གཏོགས་མི་བཟང་པོ་ཞིག་བཟོ་ཐུབ་པའི་གོ་སྐབས་ཡོད་པ་རེད། ༧གོང་ས་མཆོག་གི་འཛམ་གླིང་བཞི་བདེ་ལ་བསམ་བློ་བཏང་བར་ཐུགས་རྗེ་ཆེ། ངས་༧གོང་ས་མཆོག་ལ་ལྷོ་ཨ་ཧྥི་རི་ཁ་ནས་འཚམས་འདྲི་ཞུ་ཡི་ཡོད་ལ། རྗེས་མ་ང་ཚོ་བགྲེས་ཡོལ་ལ་ཕེབས་པ་མང་པོ་ཞིག་ལྷོ་ཨ་ཧྥི་རི་ཁར་འཛོམས་ཐུབ་པའི་རེ་བ་ཡོད་”ཅེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་གསུང་དོན། “ངས་སྐྱེས་སྐར་དེ་གལ་ཆེན་པོར་གང་ཡང་བརྩི་ཡི་མེད། བོད་པའི་གོམས་གཤིས་ནང་སྐྱེས་པའི་ཉིན་ལས་གྲོངས་པའི་ཉིན་མོ་དེ་གལ་ཆེན་པོར་བརྩི་ཡི་རེད། སྐྱེས་ནས་ལས་ཀ་བཟང་པོ་དང་གཞན་ཕན་བྱས་ན་སྐྱེས་སྐར་སྲུང་བརྩི་དོན་སྙིང་ལྡན་པ་ཞིག་རེད། ལས་ཀ་སྡུག་ཅག་བྱས་ནས་སྐྱེས་སྐར་གྲ་རྒྱས་པོ་བཏང་ན་དོན་སྙིང་མེད་པ་རེད། སྤྱི་ཚོགས་དེ་བདེ་བ་ཡོང་དགོས་པ་རེད། སོ་སོ་ལ་བདེ་བ་དགོས་ཀྱི་ཡོད་ན་གཞན་ལ་ཕན་པ་དང་བདེ་བ་བསྐྲུན་ཐུབ་ན་སོ་སོ་ལ་བདེ་སྐྱིད་ཡོང་གི་རེད། དེ་ནས་ཌེ་སེ་མོན་ཌི་ཊུ་ཊུ་མཆོག་གི་འཁྲུངས་སྐར་ལ་བཅར་ཐུབ་པའི་རེ་བ་ཡོད། ཡིན་ནང་ཨ་ཧྥི་རི་ཀའི་ཐོངས་མཆན་རག་མིན་ངས་མི་ཤེས་”ཞེས་གསུངས་ཡོད་པ་རེད། ཁོང་གིས་མུ་མཐུད་བདག་ཉིད་ཆེན་པོ་གྷན་དྷི་དང་མ་ཊིན་ལུ་ཐཱར་ཁིན་ གཉིས་ཀྱི་ཕྱག་ལས་གནང་ཕྱོགས་ལ་སྔགས་བརྗོད་དང་འབྲེལ་གསུང་དོན། “འཚེ་མེད་ཞི་བ་གཙོ་བོ་དེ་འཚེ་བ་མ་བྱས་པ་གཅིག་པུ་མ་རེད། གཞན་ལ་ཕན་པའི་ལས་ཀ་བྱེད་དགོས་པ་རེད། འཚེ་མེད་ཞི་བ་ཟེར་དུས་དྲག་སྤྱོད་དེ་མེད་ན་འཚེ་མེད་ཞི་བ་རེད་བསམ་གྱི་རེད་མོད། དེ་མ་རེད། འཚེ་མེད་ཞི་བ་དེ་ཚང་མར་ཕན་སེམས་དང་བདེ་སྡུག་ལ་ལྟ་ཐུབ་དགོས་པའི་སེམས་ཚོར་སྐྱེས་ན་འཚེ་མེད་ཞི་བ་དངོས་གནས་དེ་རེད། མི་མང་ཚང་མས་དེ་འདྲ་ཞིག་གནང་ཐུབ་ན་ངའི་སྐྱེས་སྐར་སྲུང་བརྩི་ཡང་དོན་སྙིང་ལྡན་པ་ཞིག་རེད། དུས་རྒྱུན་མི་ཚོས་ང་ལ་སྐྱེས་སྐར་ལག་རྟགས་ག་རེ་དགོས་ཟེར་དུས། ངས་ལག་རྟགས་ཡག་ཤོས་སེམས་བཟང་པོ་བྱེད་རྒྱུ་དེ་རེད་ཅེས་ཟེར་གྱི་ཡོད། བདག་ཉིད་ཆེན་པོ་གྷན་དྷི་དང་། མ་ཊིན་ལུ་ཐཱར་ཁིན་སྐུ་གྲོངས་ཟིན་ནའང། ཁོང་ཚོའི་ལྟ་བ་དང་འཚེ་བ་མེད་པའི་སྤྱོད་པ་ད་དུང་སྤྱི་ཚོགས་ནང་དུ་ཡོད་པ་རེད་”ཅེས་ཆོས་ལུགས་ཀྱི་སྟོན་པ་ཁག་དང་དབུ་ཁྲིད་ཚོའི་གཞན་ཕན་གྱི་ལྟ་གྲུབ་ད་དུང་སྤྱི་ཚོགས་ནང་དུ་ཡོད་པའི་སྐོར་དང་། ཁོང་གིས་དུས་རྒྱུན་ཆོས་ལུགས་དང་མི་རིགས་འདྲ་མིན་ཡིན་ཡང་འཛམ་གླིང་སྤྱི་ལ་ཕན་པ་ཞིག་དགོས་པའི་སྐོར། ང་ཚོར་དགོས་པ་དེ་དངུལ་སྒོར་གཅིག་པུ་མ་ཡིན་པར་སེམས་སྐྱིད་པོ་དགོས་པ་དེ་རེད་ཅེས་སོགས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་བོད་སྐད་ཐོག་གཞིས་བྱེས་མི་མང་ལ་ཆེད་དུ་གསུང་དོན།  “བོད་རིགས་སྤུན་ཟླ་བཙན་བྱོལ་ལ་ཡོད་པའི་སེར་སྐྱ་ཕོ་མོ་ཚོ་དང་། གཞིས་ལུས་རྒྱ་ཆེའི་མི་མང་། ལུས་པོ་གཞན་དབང་འོག་ཏུ་དཀའ་ངལ་འཕྲད་བསྡད་ཡོད་པ་རེད་མོད། ནང་གི་བསམ་བློ་བོད་མི་རིགས། ང་ཚོ་གངས་ཅན་པ་ཟེར་ནས་བསམ་བློའི་རྦ་རླབས་འཕྱུར་བཞིན་ཡོད་པའི་རྒྱ་ཆེའི་མི་མང་གིས་ངའི་སྐྱེས་སྐར་ལ་དྲན་གསོ་བྱེད་བྱེད་ཀྱི་ཡོད་པ་རེད། ཐུགས་རྗེ་ཆེ། དམིགས་བསལ་འཚམས་འདྲི་ཡོད། གཙོ་ཆེ་ཤོས་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པར་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་སྐབས་ནས་སོ་སོར་ཐུན་མོང་མ་ཡིན་པའི་ཡི་གེ་ཞིག་ཡོད་པ་རེད། དེ་བཞིན་སྐད་ཅིག་ཡོད་པ་རེད་”ཅེས་སངས་རྒྱས་ཆོས་ལུགས་ཆ་ཚང་བ་དེ་བོད་ཡིག་ནང་ཡོད་པ་དང་། དེས་ཕན་ཐོགས་ཡོད་པའི་སྐོར། དེང་སྐབས་འཛམ་གླིང་ནང་བོད་པའི་སྐད་ཡིག་དང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་ཡི་ཡོད་སྐོར་གསུངས་ཡོད་པ་རེད།

༧གོང་མཆོག་གིས་མུ་མཐུད་གསུང་དོན། “མེས་པོ་ཚོས་དཀའ་ལས་བརྒྱབ་ནས་བསྒྲུབས་པའི་སྐད་ཡིག་ཕྱུག་པོ་དེ་ང་ཚོས་ངེས་པར་དུ་མུ་མཐུད་རྒྱུན་འཛིན་བྱེད་རྒྱུ་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་དེང་དུས་ཀྱི་ཤེས་ཡོན་ཚད་ལོངས་པ་བྱེད་རྒྱུ་གལ་ཆེན་པོ་རེད། སྐད་ཡིག་མི་འདྲ་བ་བཤད་ཐུབ་ཙམ་མ་ཡིན་པར། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་གི་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་བ་དང་ཚད་ལོངས་པ་ཞིག་དགོས་པ་དེ་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་ཚོས་ངེས་པར་དུ་ཤུགས་རྒྱག་རོགས། དེ་བཞིན་བོད་རང་གི་སྐད་ཡིག་བརྒྱུད་ནས་ཤེས་ཡོན་མང་པོ་ཡོད་པ་རེད། གཙོ་བོ་སེམས་ཀྱི་གཞི་རྩར་གྱུར་པའི་ཤེས་ཡོན་རེད། སྤྱིར་འགྲོ་བ་མི་སྤྱི་ཡོངས་ལ་བདེ་བ་ལྡན་པའི་དུས་རབས་ཉེར་གཅིག་པ་ཞིག་དགོས་ན། དེ་ཡོང་བར་ཡིད་ཆེས་དང་དྲང་བདེན། འཆམ་མཐུན་དགོས་པ་རེད། དེ་འདྲ་ཡོང་ཐབས་སུ་ལྷག་བསམ་དགོས་པ་རེད།ང་ཚོ་བོད་པའི་ཆོས་དང་རིག་གཞུང་ནང་དུ་ཡོད་པའི་སློབ་གསོ་དེས་ཡ་རབས་བཟང་སྤྱོད་ལྡན་པ་དང་། དྲང་བདེན་ཞིག་བཟོ་ཡི་འདུག འཛམ་གླིང་སྤྱི་ལ་ང་ཚོའི་རིག་གཞུང་གིས་གང་ལ་གང་འཚམས་ཕན་ཐོགས་ཀྱི་འདུག དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང་ཆབས་ཅིག་སོ་སོའི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་དགོས་པ་གལ་ཆེན་པོ་རེད་”ཅེས་གནད་འགག་དང་རྒྱུ་མཚན་ཤེས་པའི་ཐོག་བདག་པོ་རྒྱག་དགོས་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་དཔལ་འབྱོར་འདུ་འགོད་བྱེད་སྟངས་སྐོར་གསུང་དོན། “དཔལ་འབྱོར་ཚགས་ཚུད་པ་དང་ཡར་རྒྱས་དགོས་པ་གལ་ཆེན་པོ་རེད། གཞིས་བྱེས་ཚང་མས་དཔལ་འབྱོར་འདུ་འགོད་བྱེད་རྒྱུ་གལ་ཆེན་པོ་འདུག ཡང་དཔལ་འབྱོར་གྱི་སྤུ་འདྲ་གང་འཚམས་སྐྱེས་པ་དང་། དོན་མེད་རྒྱན་རྩེད་དང་ཆང་རག་འཐུང་བ། དོན་མེད་རྒྱན་ཆ་འདྲ་མིན་འདོགས་པ། ནང་དུ་ཤེས་ཡོན་མེད་ན་ཕྱིའི་རྒྱན་ཆ་ཡིས་ཕན་ཐོགས་ཀྱི་མི་འདུག དཔལ་འབྱོར་ཡར་རྒྱས་ཅུང་སོང་བ་དང་ཤེས་ཡོན་དང་འཕྲོད་བསྟེན་ཡར་རྒྱས་གཏོང་དགོས་ཀྱི་འདུག ཞིང་འབྲོག་གི་ས་ཆ་ཡར་རྒྱས་མ་སོང་བ་དེ་ཚོའི་ལུང་པ་སོ་སོས་ཡར་རྒྱས་གཏོང་དགོས་ཀྱི་འདུག་”ཅེས་གསུངས་པ་དང་འབྲེལ་དགོན་སྡེ་ཁག་ནས་མདོ་སྔགས་ཀྱི་གཞུང་སློབ་གཉེར་དགོས་པའི་སྐོར་ལ་ཡང་ལམ་སྟོན་གནང་ཡོད་པ་རེད།

ཡ་རབས་བཟང་སྤྱོད་དགོས་པའི་སྐོར་གསུང་དོན། “བོད་པའི་ཡ་རབས་བཟང་སྤྱོད་དེ་ཁྱད་ནོར་ཡིན་པས། བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། དེང་སྐབས་བཙན་བྱོལ་ནང་གི་ངོ་བོར་ཡ་རབས་དང་བཟང་སྤྱོད་ཉམས་ཆག་འགྲོ་ཡི་ཡོད་པའི་རྣམ་འགྱུར་ཕྲན་བུ་མཐོང་རྒྱུ་འདུག བོད་ནང་ཡང་དེ་བཞིན་ཡིན་རྒྱུ་རེད། ཆེ་ས་ནས་ལྐོག་ཟ་རུལ་སུངས་བྱས་དུས་ཆུང་ས་ནས་ཀྱང་ལྐོག་ཟ་རུལ་སུངས་ཀྱི་སྐད་ཆ་ཕྲན་བུ་འདུག དེའི་རིགས་རྩ་བ་ནས་མེད་པ་བྱེད་དགོས་པ་རེད་”ཅེས་གསུངས་སོང་།

ཁོང་བགྲེས་ཡོལ་དུ་ཕེབས་དགོས་པའི་བརྒྱུད་རིམ་སྐོར་དང་ཉེ་ཆར་བོད་ཀྱི་ཆབ་སྲིད་བསྒྱུར་བཅོས་སྐོར་གསུངས་པ་དང་འབྲེལ། ཁོང་གིས། “ད་ལྟ་མང་གཙོའི་ལམ་ནས་བདམས་པའི་དབུ་ཁྲིད་ཀྱིས་འགན་ཆ་ཚང་ཁྱེར་དེ། མང་གཙོ་ཚད་དང་ལྡན་པ་ཕུགས་བརྟན་པོ་རེད། ཁྱེད་རང་ཚོ་སེམས་བདེ་པོ་གྱིས། དོན་དག་ངོ་མ་མ་ཤེས་པར། སྲང་ལམ་ནང་གི་སྐད་ཆ་ལྟ་བུས་འདའ་དཀྲུག་ཕུ་དཀྲུག་བྱས་ན་ཡག་པོ་མི་འདུག ལྷག་པར་དུ་གཞིས་ལུས་རྒྱ་ཆེའི་མི་མིང་གིས་གནས་ཚུལ་བཟང་པོ་འདྲ་དང། གཏམ་སྙན་པོ་ག་རེ་གོ་རྒྱུ་ཡོད་ན་བསམ་ནས་སྒུག་བསྡད་ཡོད་སྐབས། མགོ་མ་ཚོས་པར་དཀྲོག་གཏམ་དེ་འདྲ་བཤད་ན་ཕན་ཐོགས་མི་འདུག བདེན་པ་ཡོད་ན་རྒྱུ་མཚན་བཤད་དགོས་པ་རེད། དེ་འདྲ་མེད་པར་འཆལ་གཏམ་དང་འུད་ཤོབ་ལྟ་བུ་བཤད་ན་ཕན་ཐོགས་མི་འདུག དེ་སེམས་ལ་ངེས་པ་གྱིས། བར་ལམ་ངས་བསྒྱུར་བཅོས་བཏང་བ་དེ་ཚོ་དགོས་པ་རྒྱུ་མཚན་ཡོད་པ་དང་། དུས་ཚོད་ལ་རན་པ་རེད། དེ་ཡང་ལོ་ལྔ་བཅུ་དྲུག་ཅུའི་རིང་ལ་བསམ་བློ་ཡོད་བསྡད་པ་དེ་ལག་བསྟར་བྱས་པ་རེད། ཁྱེད་རང་ཚོ་བློ་བདེ་པོ་གྱིས་”ཞེས་གསུངས་ཡོད་པ་རེད།།

{jcomments on}