རྒྱ་མོ་ཞིག་གིས་རྒྱ་གྲམ་དམར་པོའི་སྤྱི་དངོས་སྒེར་ཟོས་ལ་དོགས་གཞི།

དོན་དངོས་ཐོག་ར་སྤྲོད་བྱུང་བ་ལྟར་ན།  ཀའོ་མཱིས་མཱིས་བྷེ་བྷིའི་ཞེས་པའི་དགའ་རོགས་ནི་དབང་ཤུགས་ཆེ་བའི་རྒྱ་གྲམ་དམར་པོའི་ཚོགས་པའི་འགོ་ཁྲིད་ཅིག་ཡིན་པ་དང་། དེ་ལ་བརྟེན་ནས་ཁོ་མོས་བག་མེད་ལོངས་སྤྱོད་དང་ཚད་ལས་བརྒལ་བའི་རྒྱས་སྤྲོས་ཀྱི་འཚོ་བ་སྐྱེལ་གྱི་ཡོད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་ཡོད་པ་དང་། རྒྱ་གྲམ་དམར་པོའི་ཚོགས་པ་དེ་བཞིན་རྒྱ་ནག་ནང་གི་བྱམས་བརྩེའི་དགེ་རྩ་ཚོགས་པ་ཆེ་ཤོས་དེ་ཡིན་པ་རེད།

མོས་རྟག་ཏུ་ཀའོ་མཱིས་མཱིས་བྷེ་བྷིའི་ཞེས་པའི་གཅེས་མིང་འོག་རྒྱ་གྲམ་དམར་པོའི་ལྷན་ཚོགས་ཀྱི་ཚོང་དོན་སྤྱི་ཁྱབ་འགན་འཛིན་ཡིན་ཚུལ་དྲྭ་ལམ་ཁག་ཏུ་ཟིན་བྲིས་སྤེལ་ཡོད་པ་དང་། དེ་ལ་བརྟེན་ནས་དྲྭ་རྒྱའི་ཚོགས་པ་ཁག་ནས་མོ་རང་དེ་ལྟར་ཡིན་མིན་ཞིབ་འཇུག་ཀྱང་བྱས་ཡོད་པ་རེད། དེར་བརྟེན་རྩོད་རྙོག་དེར་རྒྱ་ནག་གི་དྲྭ་རྒྱ་ཁག་ཏུ་གླེང་སློང་ཤུགས་ཆེར་བྱས་པ་བརྒྱུད། རྒྱ་ནག་རྒྱ་གྲམ་དམར་པོའི་ལྷན་ཚོགས་ལ་ཚོགས་མི་དེ་འདྲ་ཞིག་མེད་པ་དང་། ཀའོ་མཱིས་མཱིས་ནི་བུད་མེད་སྤྱིར་བཏང་བ་ཞིག་ཡིན་པ་དང་རྒྱ་གྲམ་དམར་པོའི་ལྷན་ཚོགས་ཀྱི་དཔོན་པོ་མཐོ་ཤོས་དང་འབྲེལ་བ་ཡོད་པ་ཉེན་རྟོག་པས་ཤེས་རྟོགས་བྱུང་ཡོད་པ་རེད།

གནས་ཚུལ་དེ་ལ་བརྟེན་ནས་མི་མང་པོ་ཞིག་གི་སེམས་ལ་འགྲོ་བ་མིའི་བྱམས་བརྩེའི་ཚོགས་པ་དེར་རྩོད་རྙོག་དང་འཛམ་གླིང་གང་ས་ནས་རོགས་རམ་གནང་མིན་བཅས་ལ་དོགས་འཆར་དང་དངངས་སྐྲག་འབྱུང་བཞིན་ཡོད་པ་མ་ཟད། ཚོགས་པའི་ལས་བྱེད་འགའ་ཤས་ནས་ཀྱང་ཕྱིན་ཆད་ཚོགས་པ་དེ་དགོས་མེད་ཀྱི་བྱམས་བརྩེའི་ཚོགས་པ་ཞིག་དང། ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་མཚོན་པའི་སྤྱི་ཚོགས་ལ་ཞབས་ཞུ་ཚུལ་མཐུན་བྱེད་མིན་ཐད་ཡིད་ཆེས་ཆུང་དུ་འགྲོ་བཞིན་པ་བཅས་ཡིན་འདུག།།