རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས།

 

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཕྱི་ལོ་༢༠༡༡ ཟླ་༦ ཚེས་༤ ཉིན་གསལ་བསྒྲགས་གནང་ཡོད་པ་དང་། འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་༢༨ ནས་སློབ་ཕྲུག་གྲངས་༡༨༧༩ ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་༡༨༦༤ དངོས་སུ་འཛུལ་ཞུགས་བྱས་ཡོད། དེའི་ཁོངས་ནས་སློབ་ཕྲུག་གྲངས་༡༨༤༤ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་༢༠ ཡོད། འདི་ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བོད་སློབ་ཁག་གི་ནང་བུ་ལས་བུ་མོའི་བརྒྱ་ཆ་མཐོ་བ་ལོན་ཡོད། བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་༩༨་༨༢ ཡིན་པ་དང་། བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་༩༩་༠༤ ཡིན་འདུག དེ་བཞིན་འདི་ལོ་བོད་སློབ་ཁག་༢༨ ཁོངས་ནས་སློབ་གྲྭ་༢༠ རྒྱུགས་འཕྲོད་བརྒྱ་ཆ་བརྒྱ་ནས་བརྒྱ་ལོན་ཡོད་འདུག

 

 

འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་བོད་སློབ་ཁག་གི་ནང་ནས་རྩེ་ཕུད་ཨང་དང་པོ་ལོན་པའི་ཁོངས་ཀོ་ལི་གྷལ་སློབ་གྲྭའི་སློབ་མ་བསྟན་འཛིན་དབང་ཕྱུག་དང། སིམ་ལ་གཏན་སློབ་ཀྱི་སློབ་མ་པར་ཏི་བྷ་ཇ་སི་ཝལ། སེ་ལ་ཁུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དཔལ་སྒྲོན། སྦེལ་ཀོབ་སློབ་གྲྭའི་སློབ་མ་བསྟན་འཛིན་ནོར་འཛོམས་བཅས་ཡིན་པ་དང། རྩེ་ཕུད་གཉིས་པ་ལོན་མཁན་ཁོངས་མ་སུ་རི་གཏན་སློབ་ཀྱི་སློབ་མ་ས་པན་ཌན་ར་ཨོཊ་དང། སེ་ལ་ཁུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཀུན་ཁྱབ་དང་བསྟན་འཛིན་ལྷ་མཚོ། སྦེལ་ཀོབ་སློབ་གྲྭའི་སློབ་མ་བསྟན་འཛིན་དབང་གྲགས་བཅས་ཡིན་པ་རེད།

 

སྤྱིར་འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་ནི་སྔ་ལོའི་ཡིག་རྒྱུགས་འཕྲོད་ཚད་ལས་བརྒྱ་ཆ་༧་༣༨ མཐོ་བ་ཆགས་ཡོད། དེ་བཞིན་ཕྱི་ལོ་༢༠༡༠ ལོ་ནས་བཟུང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་དེ་ཨང་ཐོབ་ཀྱི་ཚབ་ཏུ་སྡེ་ཚན་གྲལ་རིམ་ལམ་ལུགས་(Grading System) གསར་གཏོད་གནང་ཡོད་ཅིང། དེ་ཡང་འཛིན་རིམ་བཅུ་གཉིས་ཡོད་པའི་སློབ་གྲྭའི་ནང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་སློབ་གྲྭ་རང་ཁོངས་ནས་གཏོང་རྒྱུ་དང། དེ་མིན་རྣམས་དབུས་ཡིག་རྒྱུགས་ལྷན་ཁང་ནས་གོ་སྒྲིག་ཞུ་གི་ཡོད་ཀྱང་རྒྱུགས་འཕྲོད་ལག་འཁྱེར་སྤྱི་མཚུངས་གནང་གི་ཡོད་པའི་གནས་ཚུལ་སྤེལ་འདུག།