༸གོང་ས་མཆོག་ཨ་རིར་ཕེབས་པ་དང་རྒྱ་ནག་གི་སྐྱོན་བརྗོད།
རྒྱ་ནག་གིས་དེ་ལྟར་བཤད་པ་ནི། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ཞི་བདེའི་དེད་དཔོན་ཏཱ་ལའི་བླ་མར་ཁ་རྡུང་བཏང་བ་ཞིག་ཆགས་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་ནི་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་གནང་མཁན་རྩོད་མེད་ཡོངས་གྲགས་ཤིག་ཡིན་པ་དང་། ཁོང་ནི་ཉེས་མེད་སྐྱོན་འཛུགས་རིགས་ལ་མཐའ་གཅིག་ཏུ་དགག་བྱ་གནང་མཁན་དང་དོན་དམ་པའི་རང་སྐྱོང་རྩོད་ལེན་གནང་མཁན་ཞིག་རེད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་ཨ་རིར་ཞབས་སོར་འཁོད་ཡོད་པ་དང་། རེས་གཟའ་སྤེན་པའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་མི་མང་ལ་མཇལ་ཁ་དང་བཀའ་སློབ་གནང་འཆར་ཡོད་པ་རེད།
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལི་ཡིས་བཤད་དོན། “ཏཱ་ལའི་བླ་མ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱོགས་བསྐྱོད་ཐད་རྒྱ་ནག་གཞུང་གི་བསམ་ཚུལ་དང་ལངས་ཕྱོགས་གང་ཡོད་ཧ་ཅང་གསལ་པོ་རེད། ང་ཚོས་ཏཱ་ལའི་བླ་མས་རྒྱ་ནག་ཁྱིམ་ཚང་ཆེན་མོ་ཁ་བྲལ་གཏོང་རྒྱུའི་ལས་དོན་སྤེལ་རྒྱུར་དགག་བྱ་ཡོད་པ་ཙམ་མ་ཟད་ཕྱིའི་རྒྱལ་ཁབ་དང་ཆབ་སྲིད་མི་སྣ་ཚོས་ཏཱ་ལའི་བླ་མའི་ལས་འགུལ་སྤེལ་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེར་ཡང་ངོ་རྒོལ་ཡོད།” ཅེས་དང་། “ང་ཚོའི་རེ་བ་ལ་ཨ་མི་རི་ཀའི་ངོས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་ལངས་ཕྱོགས་བརྟན་བཟུང་དང་། འོས་ཤིང་འཚམ་པའི་བྱ་སྤྱོད་འཛིན་དགོས་པ་གལ་ཆེན་པོ་མཐོང་གི་ཡོད།” ཅེས་བཤད་ཡོད་པ་རེད། དེ་ནི་རྒྱ་ནག་གི་འཆར་ཅན་གཏམ་བཤད་བྱེད་ཚུལ་ཞིག་ཡིན་པ་དང་། དེ་བཞིན་སྔ་ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་གནང་སྐབས་རྒྱ་ནག་གཞུང་གི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད་ཅེས་འཁོད་འདུག།།