༧གོང་ས་མཆོག་ཨ་རིའི་གྲོས་ཚོགས་སུ་གདན་ཞུ།

སྐབས་དེར་གྲོས་ཚོགས་ཀྱི་ནང་ཨ་རི་གཞུང་གིས་སྤྱི་སྒེར་ཚོགས་སོགས་ལ་བུ་ལོན་གཡར་དགོས་མིན་སོགས་ཀྱི་བགྲོ་གླེང་བྱེད་བཞིན་ཡོད་ནའང་གནས་སྐབས་རིང་དེ་མཚམས་འཇོག་གིས་ཨ་རིའི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང། སྤྱི་མཐུན་ཚོགས་པ་གཉིས་ཀ་ཐུན་མོང་གིས་༧གོང་ས་མཆོག་གྲོས་ཚོགས་སུ་ཕེབས་བསུ་ཞུས་ཡོད་པ་རེད།

h h_usa-tibet༧གོང་ས་མཆོག་གཙོས་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནཱན་སི་ཕེ་ལོ་སི་དང་ལྷན་དུ་ཡོད་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཇཱོན་བྷོ་མར་མཆོག་གིས་གསར་འགོད་ལྷན་ཚོགས་སུ་བརྗོད་དོན། གྲོས་ཚོགས་ཀྱི་ཚོགས་མི་ཚོས་༧གོང་ས་མཆོག་དང་ལྷན་དུ་བཀའ་མོལ་གནང་སྐབས་བོད་དང་རྒྱ་ནག་ཙམ་མིན་པར་དཀྱིལ་ཤར་ཡུལ་གྲུ་ཁག་དང། ཨ་རིའི་མི་མང་གི་དབར་ཐུན་མོང་གི་འབྲེལ་བ་ཡོད་པར་བརྟེན། ཁོང་གི་རླབས་ཆེན་མཛད་རྗེས་ཀྱིས་ང་ཚོར་འགྲོ་བ་མིའི་ཁྱད་ཆོས་དང། རང་དབང། བཟོད་བསྲན་བཅས་ཁྱབ་གདལ་གཏོང་རྒྱུར་དམིགས་དཔེ་བཟང་པོ་སྟོན་གྱི་ཡོད་པ་རེད་ཅེས་དང།

ང་ཚོས་ཨ་རིའི་མི་མང་གི་ཚབ་ཞུས་ཏེ་ང་ཚོ་༧གོང་ས་མཆོག་དང་ཆིག་སྒྲིལ་ཡིན་པ་དང་ཁོང་ལ་རྒྱབ་སྐྱོར་ཞུ་ཡི་ཡོད། དེ་དང་ཆབས་ཅིག་ཡང་ནས་ཡང་དུ་ཞལ་འཛོམས་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད། གྲོས་ཚོགས་ཀྱི་ཕྱི་སྲིད་ཚོགས་ཆུང་གི་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ཡིན་པ་ལྕམ་ཨི་ལི་ཡ་པ་རྰོས་ལེཧ་ཊི་ནེན་མཆོག་གིས་སྲིད་འཛིན་ཨོ་བྷ་མ་ལ་༧གོང་ས་མཆོག་དང་འཕྲལ་དུ་མཇལ་འཕྲད་ཞུ་དགོས་པའི་འབོད་སྐུལ་དང་ཁོང་གིས་བརྗོད་དོན་དུ། རྒྱ་གཞུང་གིས་རྒྱ་མི་རིགས་རྣམས་བོད་ནང་གནས་སྤོ་བྱས་ཏེ་བོད་ཀྱི་ཐུན་མིན་རིག་གཞུང་རྣམས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་རྣམས་ལག་བསྟར་བྱེད་པ་དང། བོད་ཀྱི་འབྲོག་པ་ཚོ་ལ་རང་གི་འཚོ་ཐབས་རྣམས་བཞག་སྟེ་གྲོང་ཁྱེར་ནང་དུ་རང་དབང་མེད་པར་སྡོད་དུ་བཅུག་གི་ཡོད་པ་རེད་ཅེས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། ཁོང་གིས་མུ་མཐུད། ཨ་རིའི་ལུང་པ་འདི་བོད་ནང་གི་བོད་མི་ཚོའི་རྒྱབ་ཏུ་ལངས་ཡོད་པ་ལས་ནག་ཉེས་ཅན་རྒྱ་ནག་དམར་གཞུང་ཕྱོགས་སུ་མེད་པར་བརྟེན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་འཕྲལ་དུ་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་ཏེ་ང་ཚོའི་ལངས་ཕྱོགས་འདི་གསལ་པོར་བཟོ་དགོས་ཞེས་གསུངས་ཡོད་པ་རེད།།