ཁམས་དཀར་མཛེས་ཀྱི་ཞི་རྒོལ་བ་༡༣ ལ་ཁྲིམས་ཐག་བཅད་པ།
དེ་ཡང་ཕྱི་ལོ་༢༠༡༡ ལོའི་ཟླ་༦ པའི་ཚེས་༢༤ ཉིན་བོད་ནང་དགོང་དྲོ་ཆུ་ཚོད་༣།༤༥ ཙམ་ལ་བསོད་ནམས་ཆོོས་རྒྱལ་དང་། བསོད་ནམས་ཉི་མ་གཉིས་གིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་སྐད་འབོད་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་། དམག་མིས་ཉེས་རྡུང་གཏོང་སྟེ་འཛིན་བཟུང་བཙོན་འཇུག་བྱས་ནས། འདི་ལོ་ཟླ་༧ པའི་ཚེས་༥ ཉིན་དཀར་མཛེས་རྫོང་མི་དམངས་ཁྲིམས་ཁང་ནས་ཁོང་གཉིས་ལ་དུས་བཀག་བཙོན་འཇུག་ལོ་༣ གྱི་ཁྲིམས་ཐག་བཅད་དེ་ད་ལྟ་བྲག་མགོ་རྫོང་གི་བཙོན་ཁང་ཞིག་གི་ནང་དུ་བཙོན་འཇུག་བྱས་ཡོད་འདུག རང་ལོ་༡༩ ཡིན་པ་བསོད་ནམས་ཆོས་རྒྱལ་ནི། སྐྱེས་ཡུལ་ཟི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་། ལྷོ་པ་ཤང་། ཁ་དཀར་གྲོང་ཚོ་དུ་ཕ་རྟ་མགྲིན་དབང་རྒྱལ་དང་། མ་བུ་མོ་ལྷ་དགའ་གཉིས་སུ་ཕྱི་ལོ་༡༩༩༢ ལོར་སྐྱེས།
བསོད་ནམས་ཉི་མ་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ལྷོ་པ་ཤང་། ཁ་དཀར་གྲོང་། ཕ་བློ་བཟང་ཉི་མ་དང་། མ་བསོད་ནམས་ལྷ་མོ་གཉིས་ལ་སྐྱེས། ཁོང་ཡང་རང་ལོ་༡༩ ཡིན་འདུག་པ་དང་། དེའི་ཉིན་ཁོང་གཉིས་གཙོས་འདི་ལོ་ཕྱི་ཟླ་དྲུག་པ་ནང་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་སྐད་འབོད་བྱས་རྐྱེན་འཛིན་བཟུང་བཙོན་འཇུག་བྱས་པའི་ཁྲོད་བོད་མི་༡༣ ལ་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་ཞིབ་ཕྲ་སུ་དང་སུ་ཡིན་མི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག།