རྒྱ་གར་གྱི་ཤོག་དངུལ་རྫུན་མ་དང་མི་གསུམ་འཛིན་བཟུང་།
དེ་ནི་ས་ཁུལ་ཉེན་རྟོག་པས་ཐོག་མར་ཕྱི་ཚེས་ ༩ ཉིན་མཆོད་རྟེན་བྱ་རུང་ཁ་ཤོར་དང་ཐག་ཉེ་ Chabahil ཞེས་པའི་ས་ཁུལ་ནས་རྒྱ་གར་གྱི་ཤོག་དངུལ་སྟོང་ཅན་བརྒྱད་ལག་སོན་བྱུང་ཡུལ་པ་སངས་བསོད་ནམས་ཤར་པ་འཛིན་བཟུང་བྱས་པ་དང་། དེ་འབྲེལ་ཉེན་རྟོག་པས་མུ་མཐུད་ཞིབ་གཤེར་བྱས་པ་བརྒྱུད་མིག་དམར་ཤར་པ་དང་། ཨ་ཤོགརྱེ་བཅས་བསྡོམས་མི་གསུམ་འཛིན་བཟུང་བྱས་ཡོད་པ་རེད། ཉེན་རྟོག་པས། ཤོག་དངུལ་དེ་དག་རྫུན་མ་ཡིན་ཐོག་ཨངས་གྲངས་ཡང་ཚང་མ་གཅིག་པ་ཡིན་པ་དང་། གནས་ཚུལ་དེ་དང་འབྲེལ་བའི་ཁོང་ཚོས་མུ་མཐུད་རྩད་གཅོད་བྱེད་བཞིན་ཡོད་ལ། ད་དུང་དེ་ལས་མང་བའི་ཤོག་དངུལ་རྫུན་མ་ཡོད་པའི་དོགས་གཞི་ཡོད་ཅེས་བརྗོད་འདུག།
ཉེ་བའི་ཕྱི་ཟླ་ལྔ་བའི་ནང་བལ་ཡུལ་ཉེན་རྟོག་པས་རྒྱ་གར་ཤོག་དངུལ་རྫུན་མ་ནང་འདྲེན་བྱེད་མཁན་མི་སྣ་ཁག་གཅིག་འཛིན་བཟུང་དང་མཉམ་ཤོག་དངུལ་རྫུན་མ་ས་ཡ་གསུམ་ལྷག་གཞུང་བཞེས་བཏང་ཡོད་པ་དང། བལ་ཡུལ་ནང་རྒྱ་གར་ཤོག་དངུལ་རྫུན་མའི་དཀའ་ངལ་དེ་ནི་ལོ་ཤས་སྔོན་ནས་ཚབས་ཆེན་ཏུ་གྱུར་ནས། བལ་ཡུལ་གཞུང་གིས་རྒྱལ་ནང་དུ་རྒྱ་གར་ཤོག་དངུལ་ལྔ་བརྒྱ་ཅན་དང་སྟོང་ཅན་བེད་སྤྱོད་མི་ཆོག་པ་སྔ་ས་ནས་བཀག་བསྡོམས་ཁྱབ་བསྒྲགས་བྱས་ནས། དེ་དག་བེད་སྤྱོད་བྱས་པ་མཐོང་ཚེ་རྫུན་མ་ཡིན་མིན་ལ་མ་ལྟོས་པར་ཁྲིམས་འགལ་ལ་བརྩི་བཞིན་ཡོད་པ་རེད།།