བོད་ལ་ངེས་པར་དུ་ཕྱིར་ལོག་ཐུབ་རྒྱུའི་རེ་བ་ཡོད།

ཟླ་འདིའི་ཚེས་༩ ཉིན་༧གོང་ས་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་གྲོས་ ཚོགས་ཀྱི་ནུབ་ཕྱོགས་ཚོགས་ཁང་ཆེན་མོའི་ཐང་ཆེན་(West Lawn of The Capitol)སྟེང་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ཡུལ་མི་ཁྲི་ཕྲག་བརྒལ་བར་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་སློབ་གནང་ཡོད་པ་རེད།

དེ་ཡང་ཐོག་མར་༸གོང་ས་མཆོག་གིས་ཝ་ཤིང་ཊོན་དུ་དུས་འཁོར་དབང་ཆེན་གནང་ཡུལ་དུ་ཆིབས་སྒྱུར་གྱིས་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་ཆོ་ག་རྣམས་ལེགས་པར་བསྐྱངས་རྗེས་ཀེ་པི་ཊོལ་ནུབ་ངོས་ཀྱི་སྤང་ལྗོངས་སུ་ཆིབས་སྒྱུར་བསྐྱངས།

མཛད་སྒོའི་ཐོག་མར་རྣམ་གྲྭ་དགེ་འདུན་རྣམས་ཀྱིས་ཤིས་བརྗོད་བཏོན་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་བ་དང་སྦྲགས། དུས་དབང་གོ་སྒྲིག་ཚོགས་ཆུང་དང་ཝ་ཤིང་ཊོན་ས་གནས་བོད་རིགས་རྣམས་ཀྱི་ཚབ་ཞུས་ཏེ་འབྲེལ་ཡོད་ཨ་རིའི་གཞུང་འབྲེལ་མི་སྣ་ཚོར་མཛད་སྒོ་གོ་སྒྲིག་ཞུ་རྒྱུའི་ཆོག་མཆན་གནང་བར་ཐུགས་རྗེ་ཆེ་ཞུས།  དེ་ནས་དྷ་སར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཟློས་གར་ཚོགས་པས་གཞས་སྣ་གཟིགས་འབུལ་ཞུས་ཡོད་པ་རེད།

བརྙན་འཕྲིན་འཁྲབ་མཁན་སྙན་གྲགས་ཅན་ལྕམ་ཝུ་པི་གོལ་བྷག་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། གཞས་མ་གྲགས་ཅན་སཱི་ཀེ་ལར་ གེ་རེ་ཡིས་སྐབས་དེར་ཕ་ཡུལ་ཕྱོགས་སུ་བསྐྱོད་ཅེས་པའི་རྐྱང་གཞས་གཟིགས་འབུལ་ཞུས། དེ་ནས་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་མཆོག་གིས་༸གོང་ས་མཆོག་དགུང་གྲངས་༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་འཚམས་འཕྲིན་ཞིག་འབུལ་ལམ་ཞུས་པ་དེ་བཞིན་བརྙན་པར་བརྒྱུད་མང་ཚོགས་ལ་བསྟན།

duewang1དེ་ནས་༸གོང་ས་མཆོག་གིས་མི་མང་ཁྲི་ཕྲག་བརྒལ་བར་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་བསྩལ་དོན། “ཆོས་ཁས་ལེན་མིན་ལ་མ་ལྟོས་པར་མི་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ཀྱི་ཡོད་པས། དེ་འདྲ་ཞིག་ཡོང་བར་ནང་སེམས་ཀྱི་ཞི་བདེར་རག་ལུས་ཡོད། འཇིགས་སྣང་དང་དོགས་པ། ཞེ་སྡང་སོགས་ཀྱིས་བསམ་བློ་ཤུགས་ཆེན་པོ་ཡོད་ཚེ་མི་ཚེ་ལམ་ལྷོང་ལྡན་པ་ཞིག་སྐྱེལ་མི་ཐུབ། དེར་བརྟེན་ཆོས་ལུགས་ལ་གཞི་མ་བཅོལ་བར་ཆོས་ལུགས་རིས་མེད་ཀྱི་ལམ་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ནུས་པ་དང་གོ་སྐབས་ཧ་ཅང་མང་པོ་ཡོད། ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་ལུས་དང་སེམས་ཚོར། བསམ་བློ་སོགས་ཡོད་པ་ཚང་མ་གཅིག་མཚུངས་ཤིག་ཆགས་ཡོད། ང་ཚོ་ཚང་མ་ཨ་མ་ལས་སྐྱེས་ཙམ་ནས་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་གཅིག་མཚུངས་སུ་ ཡོད་”ཅེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་མུ་མཐུད་ཆོས་ལུགས་མཐུན་སྒྲིལ་དགོས་པའི་སྐོར་གསུང་དོན། “ངོས་རང་ལ་ཆོས་ཕྱོགས་ཀྱི་ཉམས་མྱོང་ཕྲན་བུ་ཡོད་པ་གཞིར་བཞག་ཐོག་ནས་བརྗོད་ན་ཆོས་ལུགས་ཚང་མར་འགྲོ་བ་མིའི་ནང་གི་རིན་ཐང་གོང་མཐོར་གཏོང་རྒྱུའི་ནུས་པ་ཡོད། དེར་བརྟེན་ཆོས་ལུགས་ཚང་མ་ཕན་ཚུན་མཐུན་སྒྲིལ་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་”ཅེས་སོགས་མགོན་པོ་གང་ཉིད་མཆོག་གི་རླབས་ཆེན་མཛད་ཁུར་ཁག་གི་བཀའ་སློབ་གནང་ཡོད་པ་རེད།

དེ་རྗེས་དྲ་རྒྱའི་ཐོག་ཕྲུ་གུ་ལོ་༡༤ ཡིན་པ་ཞིག་གིས་ཞི་བདེ་ཇི་ལྟར་བསྐྲུན་དགོས་རྒྱུའི་སྐོར་གྱི་དྲི་བ་ཕུལ་བར། ༸གོང་ས་མཆོག་གིས་བཀའ་ལན་གནང་དོན། “གཞོན་སྐྱེས་ཚོས་སེམས་བཟང་པོ་བྱེད་དགོས། དེ་དང་སྦྲགས་མི་གསོད་ཁྲག་སྦྱོར་གྱི་རང་བཞིན་དུ་གྱུར་བའི་དུས་རབས་༢༠ པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ་སྔོན་ཆད་རྒྱབ་བསྐྱུར་དང་ཕྱིན་ཆད་སྤང་བླངས་བྱེད་རྒྱུ་མ་ནོར་བ་བྱེད་དགོས། དུས་རབས་ ༢༠ ནང་མི་རྣམས་རྫོགས་བཞིན་ཡོད་ནའང། དུས་རབས་༢༡ པ་འདེ་ཞི་བདེ་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་གཞོན་ སྐྱེས་ཚོར་འགན་ཡོད་པ་དང་གཞོན་སྐྱེས་ཚོས་ཀླད་པའི་ཤེས་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་བྱམས་བརྩེའི་བསམ་བློ་གོང་མཐོར་གཏོང་རྒྱུ་ཧ་ཅང་གལ་ཆེ་རེད་”ཅེས་བྱམས་བརྩེ་གཙོ་བོ་ཡིན་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད།

ཡང་དྲི་བ་འབུལ་མཁན་གཅིག་གིས་༸གོང་ས་མཆོག་བཙན་བྱོལ་གྱི་གནས་བབ་འོག་མི་ལོ་༥༢ རིང་བཞུགས་ཡོད་པའི་མཐར་བོད་དུ་ཆིབས་སྒྱུར་བསྐྱང་ཐུབ་རྒྱུའི་ཐུགས་རེ་མཛད་ཀྱི་ཡོད་དམ་ཞུས་པར། ༸གོང་ས་མཆོག་གིས། “བོད་ལ་ངེས་པར་དུ་ཕྱིར་ལོག་ཐུབ་རྒྱུའི་རེ་བ་ཡོད།  རྒྱུ་མཚན་གང་རེད་དམ་ཞུས་ན། རྒྱ་ནག་ནང་ལ་འགྱུར་བ་ཏན་ཏན་འགྲོ་ཡི་ཡོད་པ་རེད།  ངའི་བསམ་པར་རྒྱ་ནག་ནང་མི་མང་ཁྲོད་ལ་རང་དབང་དང་མང་གཙོ། ཁྲིམས་ཀྱིས་སྐྱོང་བའི་ཆབ་སྲིད་ལམ་ལུགས་དགོས་པའི་འབོད་སྒྲ་མང་དུ་དང་ཤུགས་ཆེ་རུ་འགྲོ་ཡི་ཡོད། དེས་མ་ཚད་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོས་ཀྱང་ཉེ་བའི་དུས་སུ་རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་གཏོང་དགོས་པའི་སྐུལ་མ་བཏང་ཡོད། དེར་བརྟེན་རྒྱ་ནག་ནང་ལ་འགྱུར་བ་འགྲོ་བ་ནང་བཞིན་འཛམ་གླིང་གི་ཁྱོན་ལའང་འགྱུར་བ་མུ་མཐུད་འགྲོ་གི་ཡོད་པས། བོད་ཀྱི་གནད་དོན་ཐད་ལའང་འགྱུར་བ་ཏན་ཏན་འགྲོ་ཡི་རེད་”ཅེས་བཀའ་ལན་བསྩལ་ཡོད་པ་རེད།།

དབུས་བོད་མིའི་དྲ་གནས་ལས་བདུས།