བོད་མིའི་ཁྲིམས་གཏུགས་ཀྱི་རྒྱལ་ཁ་དང་གློད་དཀྲོལ།
བོད་མི་ཁོང་ཚོ་ཉིན་གྲངས་༢༠ ཙམ་ལ་མཆོད་རྟེན་མངའ་ཁུལ་ཉེན་རྟོག་བཀག་སྐྱིལ་ཁང་དུ་བཀག་ཉར་བྱས་རྗེས་སྤྱི་ཚེས་ ༡༠ ཉིན་གྱི་དགོང་དྲོར་དངོས་སུ་བལ་ཡུལ་ཆེས་མཐོའི་ཁྲིམས་ཁང་གི་བཀའ་རྒྱའི་འོག་གློད་དཀྲོལ་ཐོབ་ཡོད། དེ་ནི་ཟླ་སྔོན་མའི་སྤྱི་ཚེས་ ༢༡ ཉིན་གྱི་དགོང་དྲོར་བལ་ཡུལ་ཏྲེ་ཧོར་སྐྱིད་སྡུག་ནས་གོ་སྒྲིག་བྱས་བ་བརྒྱུད་བོད་མི་མཉམ་རུབ་ཀྱིས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོའི་སྐོར་ལམ་དུ་སྤེལ་བ་དང་འབྲེལ། གློ་བུར་ཉེན་རྟོག་པས་མཆོད་རྟེན་སྐོར་ལམ་དང་། ཉེ་འཁོར་སྲང་ལམ། ཟ་ཁང་ཁག་བཅས་ནས་སྔ་ཕྱིར་བསྡོམས་པས་དོགས་གཞི་ཡོད་པའི་བོད་མི་ ༡༢ གང་བྱུང་འཛིན་བཟུང་བྱས་ནས་། ད་བར་གློད་དཀྲོལ་མ་བཏང་བར་བཀག་ཉར་བྱས་བ་དང་།
དེའི་རིང་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བོད་མི་ཁོང་ཚོ་གློད་དཀྲོལ་ཐོབ་ཆེད་བལ་ཡུལ་གྱི་མཐོ་རིམ་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་པ་དང་། སྤྱི་ཚེས་༡༠ ཉིན་ཁྲིམས་ར་ཚོགས་སར་བལ་ཡུལ་གཞུང་ཕྱོགས་ནས་ཁྲིམས་རྩོད་པ་གཉིས་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཕྱོགས་ནས་ཁྲིམས་རྩོད་པ་བཅུ་གཅིག་བཅས་ཁྲིམས་རྩོད་བྱས་རྗེས་། ཁྲིམས་དཔོན་གྱིས། ཉེན་རྟོག་པས་བོད་མི་དེ་ཚོ་འཛིན་བཟུང་གི་བྱ་སྤྱོད་སྤེལ་སྟངས་ཡང་དག་མ་ཡིན་པ་དང་། བོད་མི་ཁོང་ཚོ་ཉེས་མེད་ཡིན་པས་གློད་དཀྲོལ་གཏོང་དགོས་པ་ཐག་གཅོད་བྱས་ནས་གློད་དཀྲོལ་བཏང་བ་ཞིག་ཡིན་འདུག
སྐབས་དེར་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སཱུ་ཌྷུབ་གཙོས་འབྲེལ་ཡོད་ལས་བྱེད་དང་། བལ་ཡུལ་ས་གནས་བོད་ཀྱི་གཞོན་ནུ་དང་བུད་མེད་སོགས་ཁྲིམས་རར་མཉམ་ཞུགས་བྱས་ཡོད་འདུག བོད་མི་དེ་ཚོ་བཀག་ཉར་བྱས་བའི་རིང་ཉིན་ལྟར་བལ་ཡུལ་ཏྲེ་ཧོར་སྐྱིད་སྡུག་ཚོགས་པས་ཞལ་ལག་སྐྱེལ་རྒྱུ་སོགས་གང་ཐུབ་རོགས་རམ་བྱས་ཡོད་པ་རེད།
ཉེ་སྔོན་སུམ་ཅུའི་དུས་དྲན་བོད་མིའི་རང་དབང་སྒེར་ལངས་སྐབས་འཛིན་བཟུང་བྱས་བའི་བོད་མི་ཚོའི་ཆེད་དུ་ཡང་། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གཅིག་མཚུངས་ཁྲིམས་གཏུགས་བྱས་ནས་བོད་མི་ཁོང་ཚོ་གློད་དཀྲོལ་ཐོབ་པ་བྱས་ཡོད།