ཨ་རིའི་དམག་དཔོན་དང་རྒྱ་ནག་གི་དམག་སྤྱི་མཇལ་འཕྲད།
སྐབས་དེར་རྒྱ་ནག་གི་མི་མང་བཅིངས་གྲོལ་དམག་གི་ཆེས་མཐོའི་དམག་དོན་ཚན་པའི་འགོ་ཁྲིད་ཆིང་སྦིན་ (Chen Bingde) གྱིས་འཚམས་འདྲི་དང་སྦྲགས། ཕྱོགས་གཉིས་ཀས་ཁ་གསལ་གཏིང་གསལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་མོལ་པེ་ཅིང་དུ་གནང་ཡོད་པ་རེད།
བརྗོད་དོན་གཙོ་བོ་ནི་རྒྱ་ནག་གི་ལྷོ་ཕྱོགས་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་ཁག་གི་བདག་དབང་ཐད། རྒྱ་ནག་དང་མངའ་ཁུལ་དེར་ཡོད་པའི་རྒྱལ་ཁབ་གཞན་དབར་རྩོད་རྙོག་འབྱུང་བཞིན་པའི་གནད་དོན་དེའི་སྐོར་ཡིན་པ་རེད།
རྒྱ་ཕྱོགས་ནས་ཨ་རིས་ཐཱེ་ཝན་དང་གོ་མཚོན་གྱི་ཚོང་འབྲེལ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་ཡོད་པ་དང་། དེ་ནི་ཐཱེ་ཝན་གཙོས་ལྷོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདག་དབང་ཐད་ཀྱི་རྩོད་རྙོག་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཁག་ལ་ཨ་རིའི་ཐེ་བྱུས་བྱེད་རྒྱུ་དེ་བཀག་འགོག་བྱ་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད། ད་དུང་རྒྱ་ཕྱོགས་ནས་ཨ་མི་རི་ཁའི་དམག་གི་འགྲོ་སོང་དེ་སྔོན་མ་ལས་ཉུང་དུ་གཏང་སྟེ། མི་མང་གི་འཚོ་བའི་མཐུན་རྐྱེན་ཐད་ཁ་གསབ་བྱས་ན་རྒྱལ་སྤྱིའི་ཁྲོམ་རའི་དཔལ་འབྱོར་ལ་ཁེ་ཕན་ཡོད་ཚུལ་དང་། ཨ་རི་ནས་ལྷོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ལ་རོགས་རམ་དང་དོ་ཁུར་དགོས་པའི་སྐུལ་མ་ཡང་གནང་ཡོད་པ་རེད། རྒྱ་ནག་དམག་སྤྱི་ཆིན་ནས། རྡོ་སྣུམ་དང་རང་བྱུང་རླངས་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པའི་རྒྱ་ནག་ལྷོ་ཕྱོགས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁུལ་གྱི་རྩོད་རྙོག་བར་ཨ་རིས་འཚང་ཁ་དང་རྩོད་པ་རྒྱག་རྒྱུའི་འདོད་པ་མེད་ཚུལ་དང་། དེ་བཞིན་ཝི་ཏི་ནམ་དང་། ཧྤེ་ལི་པན་སོགས་ལ་དམག་གི་བརྒྱུད་སྐུལ་བྱེད་ཀྱི་མིན་ཞེས་དེ་སྔོན་བཤད་ཟིན་པ་རེད། ཅེས་གསལ་བཤད་བྱས་ཡོད་པ་རེད།
ཨ་རིའི་དམག་སྤྱི་མཱེག་མཱུ་ལན་གྱིས། ཕྱོགས་ཕན་ཚུན་སྐབས་རེ་གནས་ཚུལ་མི་མཐུན་པའང་ཡོང་སྲིད་པ་རེད། ལྷོ་རྒྱ་ནག་རྒྱ་མཚོ་དེ་རྒྱལ་ཁབ་མང་པོ་ཞིག་དང་འབྲེལ་བ་ཆགས་ཀྱི་ཡོད་པའི་ཆ་ནས། སྟངས་འཛིན་བྱེད་ཕྱོགས་ཐད་རྒྱལ་ཁབ་གཞན་ལ་དོ་ཕོག་མི་འགྲོ་བ་བྱེད་རྒྱུ་གལ་ཆེན་པོ་ཡིན་ཚུལ་དང་། རྒྱ་ནག་གི་ངོས་ནས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲད་དགོས་པ་དང། བྱང་ཀོ་རི་ཡའི་ཕྱོགས་ནས་གཞན་ལ་ཉེན་བརྡ་གཏོང་རྒྱུ་དེ་ཡང་མཚམས་འཇོག་དགོས་པའི་སྐོར་གསུངས་ཡོད་འདུག
ཨ་རིའི་དམག་དོན་ཚན་པའི་སྤྱི་ཁྱབ་རྒྱ་ནག་ལ་ཉིན་གྲངས་བཞིའི་རིང་གཟིགས་བསྐོར་གནང་རྒྱུ་ཡིན་པ་དང། དེའི་རིང་བྱང་ཀོ་རི་ཡའི་གནད་དོན་དང་། རྒྱལ་ཁབ་ཕན་ཚུན་དབར་སྲུང་སྐྱོབ་ཀྱི་གནད་དོན་སོགས་ཀྱི་སྐོར་ལའང་གྲོས་མོལ་གནང་འཆར་ཡོད་པ་རེད།