སྲོང་བཙན་མཐོ་སློབ་ཀྱི་ཡིག་རྒྱུགས་སྤྱིའི་ཆ་ནས་ཡག་པོ་བྱུང་འདུག

ཕྱི་ཚེས་༡༡ ཉིན་གྱི་སྔ་དྲོར་བལ་ཡུལ་སྲོང་བཙན་མཐོ་རིམ་སློབ་གྲྭའི་འཛིན་རིམ་བཅུ་པ་ཐེངས་བཅུ་བཞི་པ་ཐོན་པའི་སློབ་ཐོན་མཛད་སྒོ་སློབ་གྲྭའི་ཐང་ཆེན་དུ་འཚོགས་ཡོད་པ་དང་། མཛད་སྒོའི་སྟེང་སྐུ་མགྲོན་གྱི་གཙོ་བོ་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་ལས་བླ་མ་དང་། སྤྱི་འཐུས་སྒྲོལ་མ་འཚོ་མོ། གངས་ཅན་བདེ་རྩའི་དྲུང་ཆེ། ས་གནས་ཁག་གི་འགོ་འཛིན་རྣམ་པ་དང་། སློབ་གྲྭའི་སློབ་སྤྱི་རྣམ་པ་བཅས་བོད་མིའི་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་དང་། དེ་མིན་སློབ་ཕྲུག་ཚོའི་ཁྱིམ་བདག་བཅས་མཉམ་ཞུགས་གནང་ཡོད་པ་རེད།

songtsen schoolསྐབས་དེར་སློབ་གྲྭའི་དབུ་འཛིན་བྱམས་པ་ཕུན་ཚོགས་ལགས་ཀྱིས་མཛད་སྒོ་དང་འབྲེལ་གཏམ་བཤད་སྤེལ་དོན། ད་ལོར་སློབ་ཐོན་ཡིག་རྒྱུགས་གྲུབ་འབྲས་དེ་སྔ་ལོ་དང་བསྡུར་ན་བརྒྱ་ཆ་ཅུང་མར་ཆགས་ཡོད་ཀྱང་སྤྱི་ཆ་ནས་ཡག་པོ་བྱུང་ཡོད། ལྷག་པར་ལོ་ལྟར་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་བརྒྱ་བླངས་བསྡད་ན་བལ་ཡུལ་ནང་དཔལ་འབྱོར་གྱི་ལྐོག་དངུལ་ཤུགས་ཆེན་འགྲོ་བས། ཕལ་ཆེར་དེ་ལྟར་བྱས་པ་མིན་འགྲོ་ཟེར་མཁན་ཡང་ཡོང་བཞིན་པ་རེད། ད་ལོར་དོགས་གཞིའི་བཤད་ཚུལ་དེ་མེད་པར་གྱུར་བ་རེད་ཅེས་དང་། གཞན་བོད་ཀྱི་དབུ་ཁྲིད་གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན། སློབ་མིའི་སློབ་གྲྭ་ཁག་གཞན་ལ་ངོམ་སུ་ཆོག་པ་ཡོད་པས་དེའི་ཐོག་སློབ་གྲྭའི་དགེ་རྒན་དང་། སློབ་ཕྲུག། ཁྱིམ་བདག་ཕ་མ་ཆ་ཚང་གིས་དཔུང་པ་མཉམ་གཤིབ་ཀྱིས་ནུས་པ་རྒྱ་ཆེན་སྤེལ་དགོས། འོན་ཀྱང་གལ་ཆེ་ཤོས་ཏེ་སློབ་མ་སོ་སོའི་རང་ངོས་ནས་ནུས་པ་ཐོན་པའི་འབད་བརྩོན་བྱེད་དགོས་པ་སོགས་གསུངས་ཡོད་པ་རེད།

ཡང་སྐུ་མགྲོན་གྱི་གཙོ་བོ་སྤྱི་འཐུས་སྒྲོལ་མ་འཚོ་མོ་ལགས་ནས། འཛིན་རིམ་བཅུ་པ་སློབ་མཐར་ཕྱིན་པ་ནི་སློབ་མཐར་ཚར་པ་མ་ཡིན་པར་གཞི་ནས་སློབ་སྦྱོང་དངོས་གཞི་འགོ་བཙུགས་པ་རེད། དེར་བརྟེན་མུ་མཐུད་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་གནས་པའི་སློབ་གྲྭ་ཁག་ཚང་མ་བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་གལ་གནད་དུ་བཟུང་ཐོག ཤེས་ཡོན་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས། ཁྱེད་སློབ་མ་དག་ཡིན་ན་ང་ཚོའི་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩ་ཡིན་ཕྱིར་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་བ་ཡོད་པའི་སྒོ་ནས་སློབ་སྤྱོང་ལ་ཧུར་བརྩོན་བྱེད་དགོས་སྐོར་སོགས་གསུངས་སོང་།

songtsen school1

དེ་བཞིན་བལ་ཡུལ་བོད་མིའི་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་ལས་བླ་མས། བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཕྲུག་ཙམ་མ་ཡིན་པར་དམིགས་བསལ་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་ཡོང་བའི་བལ་ཡུལ་གྱི་མི་སེར་སློབ་ཕྲུག་མང་པོ་ཞིག་འདིར་སློབ་སྤྱོང་བྱེད་རྒྱུའི་གོ་སྐབས་བཟང་བོ་ཐོབ་པ་འདི་ཧ་ཅང་ཡག་པོ་དང་། བཀའ་དྲིན་ཆེན་པོ་ཡིན་པས་ཁྱེད་ཚོས་བཀའ་དྲིན་བསམ་ཤེས་ཀྱི་སྒོ་ནས་མ་འོངས་པར་བལ་ཡུལ་དང་བོད་གཉིས་ཀར་ཕན་ཐོགས་པ་དང་། ཞབས་ཞུ་བསྒྲུབ་ཐུབ་མཁན་ལ་འབད་རྒྱུ་གལ་ཆེ་བ་སོགས་ཀྱི་སྐོར་གསུངས་སོང་།

སྐབས་དེར་ད་དུང་སློབ་ཐོན་སློབ་མ་རྣམས་ལ་ཕྱག་ཁྱེར་དང་ལག་རྟགས་བསྩལ་ཡོད་པ་དང་། ད་ལོར་སྲོང་བཙན་སློབ་གྲྭར་འཛིན་རིམ་བཅུ་པའི་མཐར་ཕྱིན་སློབ་མ་ཕོ་མོ་གྲངས་ ༤༠ ཡོད་ཁོངས་ནས་སློབ་ཕྲུག་གྲངས་ ༣༨ ཀྱིས་ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་རྒྱུགས་གཏོང་དགོས་པ་གྲངས་༢ ཡོད་འདུག

སྲོང་བཙན་སློབ་གྲྭ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་དང་། བལ་ཡུལ་གཞུང་གི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གནས་པའི་བོད་མིའི་སློབ་གྲྭ་ཞིག་ཡིན་པར། བོད་མི་དང་བལ་ཡུལ་གྱི་མི་རིགས་སོགས་སློབ་མ་གྲངས་བརྒྱ་ཕྲག་ཁ་ཤས་ཀྱིས་སློབ་གྲྭ་དེར་འཛིན་རིམ་དང་པོ་ནས་བཅུ་པ་བར་སློབ་སྦྱོང་བྱེད་བཞིན་པ་རེད།། བལ་ཡུལ་གསར་འགོད་པས།