བླ་སློབ་དམ་ཚིག་རྡོ་རྗེའི་མདུད་པ།
དེ་བཞིན་བོད་ནང་གི་ས་གནས་གང་སར་ཡང་མངོན་གསལ་མེད་པའི་ཐོག་ནས་དང། ཁ་ཤས་ཀྱིས་རང་སྲོག་ལའང་མ་འཛེམས་པར་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་རྣམ་པ་ཕྱིར་མངོན་ཐབས་བྱེད་བཞིན་ཡོད་པ་སོགས་བོད་གཞིས་བྱེས་གཉིས་སུ་དེ་རིང་གི་ཉིན་མོ་ནི། ཆེས་གཟི་བརྗིད་དང་ཁྱད་པར་ཅན་གྱི་དུས་ཆེན་ཞིག་ལ་ཚང་མས་ངོས་འཛིན་གཅིག་གྱུར་གྱིས་ཞུ་བཞིན་ཡོད།
འཕགས་པ་སྤྱན་རས་གཟིགས་མི་ཡི་གཟུགས་སུ་བྱོན་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ན་རིམ་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་དང། བོད་མི་རིགས་དང་ལས་དང་སྨོན་ལམ་གྱི་དབང་གིས་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་རེད། དེ་ཡང་རྒྱ་གཞུང་གི་བྱེད་སྟངས་ལྟར་མི་མང་གི་ཁྲོད་བཙན་ཤུགས་དང་སྐུལ་འདེད་ཀྱིས་ཁྱབ་བསྒྲགས་བྱས་ནས་ཀླད་པའི་ནང་ཤུགས་རྐྱེན་ཐེབས་སུ་བཅུག་པ་ཞིག་མ་ཡིན་པར། བོད་རིགས་སུ་སྐྱེས་ཙམ་ནས་གཟུངས་མཆོག་ཡི་གེ་དྲུག་མ་མ་བསླབས་ཀྱང་རང་ཤུགས་ཀྱིས་སྐྱོར་ཐུབ་པ་དང། སྤྱན་རས་གཟིགས་མི་ཡི་གཟུགས་སུ་བྱོན་པའི་༧གོང་ས་སྐུ་ཕྲེང་རིམ་བྱོན་ལ་དད་གུས་རྩེ་གཅིག་ཏུ་ཞུ་བཞིན་པ་འདི་གཉིས་ལ་འབྲེལ་བ་དམ་ཟབ་ཆགས་ཡོད།
ལྷག་པར་དུ་༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་། ས་ཁུལ་དང་སྐྱེ་ཁུངས་སོགས་ཀྱི་དབྱེ་བ་མེད་པར་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱིས་བསྐྱངས་པ་དང། ཆོས་བརྒྱུད་ཀུན་ལའང་གཅིག་མཚུངས་ཀྱིས་གུས་བཀུར་བདག་སྐྱོང་གནང་ཡོད། དུས་རྒྱུན་དུ་བོད་མི་རིགས་ཀྱི་བདེ་དོན་ཆེད་དུ་སྐུ་ངལ་བརྒྱ་ཕྲག་དུ་མ་ལྷུར་བཞེས་ཀྱིས་རླབས་ཆེན་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་ཡོད་པ་དང། ད་ལྟའི་ཆར་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་པའི་ཆོས་དང་རིག་གནས་འཛམ་གླིང་གི་ཁོར་ཡུག་འདིར་གནས་ཐུབ་པ་བྱུང་ཡོད་པ་མ་ཟད། བོད་མི་རིགས་ཀྱི་བདེ་སྡུག་འཛམ་གླིང་མི་མང་གིས་ཤེས་རྟོགས་ཐུབ་པ་བྱུང་ཡོད་པ་བཅས་ལ་བརྟེན། བོད་མི་རིགས་ཀྱི་སེམས་ནང་༧གོང་ས་སྐུ་ཕྲེང་ན་རིམ་གྱི་ནང་ནས་ཀྱང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ནི་མཆོག་དང་ཕུལ་དུ་ངོས་འཛིན་ཞུ་བཞིན་ཡོད།
༧གོང་ས་མཆོག་ནི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཡང་ཡང་ཆིབས་བསྒྱུར་ཞབས་བཅགས་ཀྱིས་བྱམས་སྙིང་རྗེ་དང་། ཀུན་ཁྱབ་འགན་ཁུར་གྱི་ལྟ་གྲུབ་གཞི་རྩར་བཟུང་ནས་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་བཀའ་སློབ་ཟབ་མོ་བར་མེད་དུ་བསྩལ་བ་ལ་བརྟེན་ནས། འཛམ་གླིང་གི་ཆེ་རྒུ་ཀུན་གྱིས་ཞི་བདེའི་དེད་དཔོན་ཆེན་པོར་བཀུར་ཞིང། དེང་དུས་འཇིག་རྟེན་འདིའི་ཐོག་ནས་ཞི་བདེའི་འདྲེན་པ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་སོགས། བོད་མི་རིགས་ཀྱི་ཆེད་དུ་སྐུ་ངལ་ཁྱད་བསད་གནང་བ་ཙམ་མ་ཡིན་པར། སྐྱེ་འགྲོ་སྤྱི་ཡོངས་ལ་གཅིག་གྱུར་གྱིས་བྱམས་བརྩེས་སྐྱོང་བཞིན་ཡོད་པ་བཅས་ཀྱིས། ༧གོང་ས་མཆོག་ལ་ཆོས་ལུགས་མི་འདྲ་བ་དང་མི་རིགས་མི་འདྲ་བ་མང་པོ་ཞིག་གིས་གཅིག་གྱུར་དད་གུས་ཞུ་བཞིན་ཡོད་པ་སོགས་འཛམ་གླིང་དུ་མཐོང་དཀོན་པའི་ཆོས་ལུགས་ཀུན་གྱི་རྣམ་འདྲེན་ཞིག་ཏུ་གྱུར་ཡོད།
བོད་པ་རྣམས་ལ་མཚོན་ན་ཕྱོགས་གཅིག་ནས་བོད་རྒྱལ་ཁབ་ཀྱི་རང་དབང་རྒྱ་ལག་ཏུ་ཤོར་བ་དང་། བོད་པ་མང་པོ་ཞིག་གི་ཚེ་སྲོག་ཀྱང་རྒྱ་མིའི་མཚོན་འོག་ཏུ་ཤོར་ཡོད་ཀྱང། དུས་ཀྱི་མཐའ་འདིར་༧གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་བྱུང་བ་ནི་བོད་པ་རྣམས་ཀྱི་བསོད་ནམས་ཟད་མཐར་ཐུག་མེད་པའི་དན་རྟགས་ཉག་གཅིག་ཏུ་གྱུར་ཡོད། གང་གིས་ཐུགས་བརྩེའི་བཀའ་སློབ་ལམ་སྟོན་ཟབ་མོ་བསྩལ་བ་རྣམས་ཀྱང་དུས་ད་ལྟ་ཙམ་མ་ཡིན་པར་ཕྱི་རབས་གདུལ་བྱའི་ཆེད་དུ་འཇོག་གནང་མཛད་ཡོད། དེར་བརྟེན་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་འཚེ་མེད་ཞི་བའི་ལམ་ཆེན་གྱི་ཐོག་ཏུ་ཤར་བསྐྱོད་བྱེད་བཞིན་པ་སོགས་ཆོས་སྲིད་གཉིས་ཐད་ནས་ཧ་ཅང་བསྔགས་འོས་ཀྱི་མཛད་རྗེས་ཤིག་ཏུ་གྱུར་ཡོད།
སྤྱིར་བོད་པ་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་གསུང་ཟབ་པ་དང་རྒྱ་ཆེ་བ་རྣམས་གཅིག་ཀྱང་མ་ལུས་པར་ལག་ལེན་བསྟར་ཐུབ་མེད་ནའང། བོད་གཞིས་བྱེས་གཉིས་ནས་༧གོང་ས་མཆོག་གི་བཀའ་སློབ་རྣམས་ལ་གཞན་ལས་གཙིགས་ཆེར་འཛིན་བཞིན་པ་མ་ཟད། ཁྲིམས་དང་ལུགས་སྲོལ་གང་ཞིག་དང་བསྡུར་ཡང་༧གོང་ས་མཆོག་གི་ལམ་སྟོན་ནུས་པ་དང་ཤུགས་རྐྱེན་ཆེ་བ་ཡོད་པ་ནི། བོད་པ་རྣམས་ཀྱི་༧གོང་ས་མཆོག་ལ་བརྩི་བཀུར་ཞུ་བཞིན་པའི་དཔེ་མཚོན་ཞིག་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན་ད་ལྟའི་དུས་འདིར་༧གོང་ས་མཆོག་གི་བཀའ་གསུང་བོད་པས་བསྒྲུབས་པ་ནང་བཞིན། འཛམ་གླིང་གི་མི་སྣ་བྱེ་བྲག་པ་ཞིག་གི་ལམ་སྟོན་ལ་བརྩི་བཀུར་འདི་ལྟ་བུ་ཞུ་མཁན་ཞིག་མེད་ཅེས་ཀྱང་བརྗོད་ཆོག དཔོན་འབངས་དང་བླ་སློབ་ཀྱི་དམ་ཚིག་རྡོ་རྗེའི་མདུད་པ་ལྟ་བུར་གྱུར་ཡོད་པར་བརྟེན། ༧གོང་ས་མཆོག་གི་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཅིང་རླབས་ཆེན་ཐུགས་བཞེད་མཐའ་དག་འགྲུབ་པའི་རྒྱུ་རུ་གྱུར་ཡོད་པའང་སྨོས་མ་དགོས་པ་རེད།།