མུམ་བྷེ་རུ་འབར་འགས་འོག་མི་ ༢༡ འདས་གྲོངས།

སྨས་རྐྱོན་ཕོག་པ་རྣམས་ལ་ད་ལྟ་གཞུང་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། འབར་འགས་འབྱུང་རྐྱེན་དེའི་རྒྱབ་ཏུ་སུ་ཡོད་མེད་རྟོགས་ཞིབ་བྱེད་བཞིན་པ་དང། གྲོང་ཁྱེར་ཉེན་རྟོག་པས། “འབར་འགས་དེ་དག་ནི་པཱ་ཀི་སི་ཐན་གྱི་གསང་བའི་ལས་ཁུངས་ཀྱི་གསོ་སྐྱོང་འོག་ཏུ་ཡོད་པའི་འཇིགས་སྐུལ་ཚོགས་པ་(Lashkar-e-Toiba)ཞེས་པས་སྐུལ་མ་བྱས་པ་བརྒྱུད་རྒྱ་གར་གྱི་འཇིགས་སྐུལ་ཚོགས་པ་Indian Mujahideen ཞེས་པས་ལག་ལྟར་བྱས་ཡོད་པའི་ར་ཕྲོད་བྱུང་”ཞེས་བརྗོད་ཡོད་པ་རེད།

མངའ་སྡེ་བློན་ཆེན་པྲིཐ་ཝི་རཇ་ཅོ་ཧན་ནས་འབར་འགས་དོན་རྐྱེན་འོག་འཆི་རྐྱེན་བྱུང་བ་དང་སྨས་སྐྱོན་ཕོག་པའི་ནང་མི་ཚོར་གུན་གསབ་ཇི་ལྟར་སྤྲད་དགོས་མིན་ཐད་དང། འབར་འགས་དེ་དག་གི་རྒྱབ་ཏུ་སུ་ཡོད་པ་དེ་རྣམས་རྩད་གཅོད་ཀྱིས་ཁྲིམས་ཆད་གཏོང་དགོས་པ་བཅས་ཀྱི་ཆེད་དུ་ཛ་དྲག་གི་ཚོགས་འདུ་ཞིག་སྐོང་འཚོག་བྱས་ཡོད་འདུག། རྒྱ་གར་དབུས་གཞུང་ནང་སྲིད་བློན་ཆེན་པི་ཅི་དམ་བྰ་རམ་མཆོག་གིས་གསར་འགོད་ལྷན་ཚོགས་ཀྱི་སར་མུམ་བྷེ་གྲོང་ཁྱེར་གྱི་མི་མང་ཚོ་ལ་དུས་ཟིང་མེད་པར་ཞི་འཇམ་ངང་སྡོད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། དེའི་མཚམས་སུ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་གར་ལ་མཐའ་གཅིག་ཏུ་རོགས་པ་དང་མཐུན་འགྱུར་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཚོགས་ཀྱིས་གཏོར་རྒོལ་བྱས་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།།