བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་བཀག་འགོག།

 

ཝ་ཤིན་ཊོན་དུ་དུས་འཁོར་དབང་ཆེན་གསུངས་པ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔལ་འབྱོར་འདུ་འགོད་ཆེད། ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཟླ་འདིའི་ཚེས་༡༣ སྟོད་གོས་བཙོང་བཞིན་པའི་སྐབས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་ཚོང་རྫས་ཀྱི་སྟོད་གོས་ཐོག་བཙན་བྱོལ་བོད་གཞུང་ཞེས་འཁོད་འདུག་པས། དེར་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེ་སྐོར་བརྗོད་དེ་ཚོང་རྫས་ཕྱིར་བསྡུ་དགོས་སྐོར་བརྗོད་པར་བརྟེན། གཞོན་ལྷན་གྱི་ཚོང་རྫས་ཕྱིར་བསྡུ་བྱེད་དགོས་བྱུང་བའི་གནས་ཚུལ་སླེབས་འདུག ད་ལྟ་འབྲེལ་ཡོད་མང་པོས་སྐལ་ལྡན་བློ་གྲོས་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་རེད།

t y c_13_7_2011

ཟླ་འདིའི་ཚེས་༡༤ ཉིན་གྱི་ཆུ་ཚོད་༢ པའི་ཐོག་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་རྡ་སར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་། སྐབས་དེར་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས། “སྐལ་ལྡན་བློ་གྲོས་ཀྱིས་ཁྲོམ་ར་ནང་སྟོད་གོས་དེར་ཆབ་སྲིད་ཀྱི་གནས་ཚད་ཤུགས་ཆེན་པོ་འདུག འདིར་བཙོང་ཆོག་གི་མ་རེད་ཅེས་བརྗོད་འདུག ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཐག་གཅོད་དེ་ཁྱེད་རང་སྒེར་གྱི་ཐག་གཅོད་རེད་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་ཐག་གཅོད་རེད་ཅེས་དྲིས་སྐབས། དང་ཐོག་སྐལ་ལྡན་བློ་གྲོས་ཀྱིས་ང་སྒེར་གྱི་ཐག་གཅོད་ཡིན་སྐོར་བརྗོད་འདུག དེར་མི་མང་པོ་འཛོམས་པ་དང་། ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཁྱེད་སྒེར་གྱི་ཐག་གཅོད་ལ་ངོས་ལེན་དགོས་དོན་མི་འདུག་བརྗོད་སྐབས། སྐལ་ལྡན་བློ་གྲོས་ཀྱིས་ཚོགས་ཆུང་གི་ཐག་གཅོད་ཡིན་སྐོར་བརྗོད་པ་རེད། ད་དུང་སྐུ་སྒེར་དྲུང་ཆེའི་མཚན་ཡང་བེད་སྤྱོད་ཀྱིས་བཀག་དགོས་ཚུལ་བརྗོད་པ་སོགས་ལ་བརྟེན་བཅའ་ལག་བསྡུ་གསོག་རྒྱག་དགོས་པའི་གནས་ཚུལ་བྱུང་བ་རེད། གཞོན་ལྷན་གྱི་ངོས་ནས་ཚོགས་ཆུང་གི་ཐག་གཅོད་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའང་གཞོན་ལྷན་གྱིས་ཚོགས་ཆུང་ལ་དེའི་སྐོར་ག་འདྲ་རེད་ཅེས་ཡི་གེ་བཏང་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་།

tyc-t-shirt-with-tgie-logo-01གསར་འགོད་པས་དེ་རྗེས་གཞོན་ལྷན་གྱི་མི་དང་སྐལ་ལྡན་བློ་གྲོས་བར་དུ་འབྲེལ་བ་བྱུང་ཡོད་མེད་སྐོར་དྲིས་པར། གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས། “དང་ཐོག་གཞོན་ལྷན་གྱི་དབུས་རྒྱུན་དཀོན་མཆོག་ཡར་འཕེལ་གྱིས་ལྡི་ལི་ནས་ཁ་པར་བཏང་སྟེ། འབྲེལ་བ་བྱུང་འདུག ཡིན་ཡང་ལན་གསལ་པོ་གང་ཡང་མི་འདུག དེ་རྗེས་ཁོང་གི་ཁ་པར་མི་གཞན་པས་བཀྱག་པ་ལས། ཁོ་རང་གིས་ལེན་གྱི་མི་འདུག་ཟེར།  མི་གཞན་པས་བཀྱག་ནས་ལན་ཡོད་འཕྲོད་ཐབས་བྱེད་ཀྱི་ཡིན་ཟེར་གྱི་འདུག་”ཅེས་བརྗོད་སོང་། “སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་སུ་གཞོན་ལྷན་གྱི་ཚོགས་གཙོས་ཁ་པར་བཏང་སྟེ། བཀའ་འདྲི་ཞུས་པར། ཁོང་གིས་གཞོན་ལྷན་གྱིས་ཅ་ལག་བཙོང་གི་ཡོད་སྐོར་གོ་བ་ལས། སུས་བཙོང་གི་ཡོད་དང་ག་རེ་བཙོང་གི་ཤེས་རྟོགས་མེད་ཅེས་ལན་གནང་ཡོད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།

གཞོན་ལྷན་གྱིས་ཉིན་དེར་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། འདི་ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གནང་བཞིན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་བསྟུན།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྩ་དོན་ལས་འགུལ་ཆེད། དཔལ་འབྱོར་འདུ་འགོད་བྱ་བར་ཆེད་ཕེབས་གནང་བའི་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་གིས་ཕྱི་ཚེས་ ༡༣ སྔ་དྲོར་ཁྲོམ་རྭ་ནང་མར་ཁྲོམ་སྟོན་སྐབས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ས་ཁུལ་གྱི་ཕྱི་ལོ་ ༢༠༡༡ ལོའི་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་འཁོད་པའི་སྟོད་གོས་དེ་ཆབ་སྲིད་ཤུགས་ཆེ་དྲགས་པས་ཚོང་འགྲེམས་བྱེད་མི་ཆོག་པས།  ཁྲོམ་རྭ་ནས་ད་ལྟ་རང་ཕྱིར་ཐོན་དགོས་ཟེར་བཤད་པ་མ་ཟད།   ད་དུང་གནད་དོན་དེའི་ཐད་སྐུ་སྒེར་དྲུང་ཆེ་ཞེས་པའི་མཚན་ཡང་བེད་སྤྱོད་བཏང་འདུག་ཅིང༌།  འབྲེལ་ཡོད་ལ་བཀའ་འདྲི་ཞུས་པར་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་གཞོན་ནུས་ཅ་ལག་འཚོང་བཞིན་ཡོད་པ་གོ་ཐོས་བྱུང་བ་ཙམ་ལས།  ཁྲོམ་རྭའི་ནང་སུས་ག་རེ་བཙོང་མིན་ཐད་ང་ཚོར་གང་ཡང་མེད་ཅེས་བཀའ་གསལ་པོ་ཕེབས་འདུག་ཅིང༌།  སྐལ་ལྡན་བློ་གྲོས་ཀྱིས་དེ་ལྟར་སྐུ་སྒེར་དྲུང་ཆེའི་མཚན་ཡང་བེད་སྤྱོད་ལོག་པར་བཏང་བ་དང༌། གལ་སྲིད་ད་ལྟ་རང་ཚོང་ཆས་བསྡུ་གསོག་བརྒྱབ་ནས་ཕྱིར་མ་ཐོན་ན། སྤྱི་བདེ་མི་སྣ་སྐད་བཏང་ནས་ཕྱིར་འབུད་བྱ་རྒྱུ་ཡིན་ཟེར་བའི་འཇིགས་སྐུལ་དང་བཅས། གཞོན་ལྷན་ཚོགས་གཙོ་མཆོག་དང་གཞོན་ནུའི་ཚོང་ཆས་རྣམས་ཚོང་ར་ནས་ཕྱིར་འབུད་བྱས་པའི་ཆེས་བློ་ཕམ་རང་བཞིན་གྱི་གནས་ཚུལ་ཐོན་འདུག

tyc-t-shirt-with-tgie-logo-02མི་ལོ་ ༥༢ ལྷག་བོད་གཞིས་བྱེས་ཁ་བྲལ་དུ་གྱུར་པའི་སྐྱོ་གནས་ཁྲོད། བོད་ནང་དུ་བཙན་བྱོལ་བོད་གཞུང་ངོས་འཛིན་གུས་བཀུར་བྱེད་མཁན་ཚོར་ཁ་བྲལ་ལོག་སྤྱོད་པ་ཟེར་ནས་དམར་གསོད་འཛིན་བཟུང་དང༌། གཅར་རྡུང་མནར་གཅོད་མྱོང་བཞིན་ཡོད་མོད། གཞིས་ལུས་མི་མང་ཚོས་རང་སྲོག་བློས་གཏོང་གིས་ཡུལ་གྱར་བོད་གཞུང་ཞེས་ཆེ་བསྟོད་ངོས་འཛིན་ཞུ་བཞིན་ཡོད་ཀྱང༌།  ད་ཆ་བཙན་བྱོལ་རང་དབང་ལུང་པར་བཙན་བྱོལ་བོད་གཞུང་ངོས་འཛིན་གུས་བཀུར་དང་མཚན་བྱང་བེད་སྤྱོད་གཏོང་བར་འདི་ལྟར་སྡང་ཟུག་བྱེད་པ་ནི་ཇི་འདྲའི་བསམ་མི་ཕོད་པའི་ཡིད་སྐྱོའི་གནས་ཚུལ་ཞིག་མ་ཡིན་ནམ། ལྷག་པར་མི་ལོ་ ༦༠ ལྷག་བོད་ནང་དུ་རྒྱ་ནག་གིས་བོད་གཞུང་གི་མཚན་བྱང་དང་འབྲེལ་བའི་ངོས་འཛིན་རིགས་ཐབས་ཤེས་ཡོད་རྒུས་རྩ་མེད་བཟོ་ཐབས་བྱས་ཀྱང༌། གཞིས་ལུས་བོད་མིའི་སྙིང་སྟོབས་ལ་བརྟེན་ནས་རྩ་མེད་བཟོ་ཐུབ་མེད། འོན་ཀྱང༌། བཙན་བྱོལ་ནང་སྐལ་ལྡན་བློ་གྲོས་ལྟ་བུས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བཀག་བསྡོམས་རྩ་མེད་གཏོང་ཐབས་བྱས་པ་ནི། བོད་ཀྱི་ལོ་རྒྱུས་དང༌། བོད་མི་མང་ལ་བརྙས་བཅོས་མཐོང་ཆུང་གི་གནད་དོན་ཚབས་ཆེན་ཞིག་ཆགས་ཡོད།

དེ་རིང་ཁོ་པས་ཚོགས་མི་སུམ་ཁྲི་ལྔ་སྟོང་ལྷག་གི་ཚོགས་གཙོ་དང༌། བོད་རང་བཙན་གྱི་ངོ་བོ་ལྡན་པའི་བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་ཁྲོམ་ར་ནས་ཕྱིར་འབུད་བྱེད་པའི་ཐ་ཤལ་གྱི་བྱེད་སྟངས་དེ་ནི། དགྲ་བོ་རྒྱ་ནག་གི་སྡང་ཟུག་བྱ་ཡུལ་དང༌། བོད་གཞིས་བྱེས་གཉིས་ཀྱི་རེ་བ་ཡིད་ཆེས་བཅོལ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང༌། བོད་རང་བཙན་འཐབ་རྩོད་ལ་མཐོང་ཆུང་ཁྱད་གསོད་བྱེད་པ་ཞིག་ཡིན་པ་མ་ཟད།  ད་བར་མི་ལོ་ ༤༢ ལྷག་རིང་གཞོན་ལྷན་སྒྲིག་འཛུགས་ནང་འདས་གསོན་མང་པོས་བོད་ཀྱི་རྩ་དོན་ཆེད། བློས་གཏོང་དང་འགན་འཁུར་རིམ་ཞུས་ལ་བསམ་ཤེས་གུས་བཀུར་ཙམ་ཡང་མེད་པའི་རྣམ་འགྱུར་ཞིག་ཡིན་པས། བོད་པ་ཞིག་གིས་དེ་ལྟར་འཐབ་རྩོད་ལ་ཁྱད་གསོད་རྩིས་མེད་བྱས་པའི་ཡིད་སྐྱོའི་བྱེད་ཕྱོགས་དེའི་རྒྱབ་ལྗོངས་ལ་གནད་དོན་ཅི་ཞིག་དང༌། གང་ཟག་སུ་ཞིག་ཡོད་མེད་ཀྱང་བློ་འཚབ་ཀྱི་གཞི་རུ་གྱུར། མདོར་ན། དེ་ནི་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ཞིག་ལས་མ་འདས།

དེ་བཞིན་དེ་རིང་ྋགོང་ས་མཆོག་གི་མཚན་མཐོང་དང་ཐད་ཀར་འབྲེལ་ཆེ་བའི་དཔལ་ལྡན་སྐུ་སྒེར་དྲུང་ཆེའི་མཚན་ཡང་ཁོ་པས་བེད་སྤྱོད་ལོག་པར་བཏང་འདུག་པ་ནི། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཚོགས་གཙོ་ཞིག་གི་བཟང་སྤྱོད་ཀྱི་འགན་འཁུར་དང་འགལ་བ་ཆགས་ཡོད་པས། ཧ་ཅང་བློ་ཕམ་ཆེ་ཞིང༌། གནས་ཚུལ་དེ་འདི་མུར་བཞག་ན་འབྲེལ་ཡོད་འདས་གསོན་མང་པོའི་བློས་གཏོང་རེ་བ་དང༌། སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་འགན་མ་འཁུར་བ་ཞིག་དང༌། ལྷག་པར་ངན་པ་རྒྱ་ཡན་དུ་གཏོང་བའི་གནད་དོན་ལས་མ་འདས་པར་བརྟེན། སྤྱོད་ངན་ཐེར་འདོན་དང་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཆེད་ཐོག་མར་བསྒྲགས་གཏམ་འདི་སྤེལ་བ་ཡིན།

ཁོ་རང་གིས་བརྒྱུད་ལམ་ཁག་དང་མང་ཚོགས་ཐོག་གཞོན་ལྷན་སྒྲིག་འཛུགས་དང་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་ལ་འདི་ཟླའི་ཚེས་ ༡༥ གོང་དུ་ཡིག་ངག་གཉིས་ཐོག་ནས་ངེས་པར་དགོངས་སེལ་ཞུ་དགོས་ཤིང༌། གལ་སྲིད་དེ་ལྟར་མ་བྱས་ཚེ། ཁོ་པའི་བྱེད་ཕྱོགས་དང་བརྡ་ལན་ལ་དཔགས་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ་ཡིན།

བོད་མི་ཡོངས་ཀྱིས་བཙན་བྱོལ་བོད་གཞུང་ལ་ལུས་ངག་ཡིད་གསུམ་གྱིས་ངོས་འཛིན་གུས་བཀུར་མུ་མཐུད་རྒྱུན་འཆང་ཞུ་རྒྱུ་ནི། བོད་རང་བཙན་གྱི་འདས་པའི་ལོ་རྒྱུས་སྲུང་སྐྱོབ་དང༌། མ་འོངས་བོད་རང་བཙན་སླར་གསོའི་དགོས་ནུས་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༧ ཉིན་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏོང་རྒྱུའི་གསལ་བསྒྲགས་སྤེལ་ཟིན་པ་ལྟར། སུ་ཞིག་གི་གནོན་ཤུགས་ཅི་ཞིག་བྱུང་རུང༌། བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏོང་རྒྱུ་ཡིན་ཞིང༌། བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་རྣམས་ཀྱང་མུ་མཐུད་ཚོང་འགྲེམས་ཞུ་རྒྱུ་བཅས།

{jcomments on}