ཕྱི་རྒྱལ་དུ་རྒྱ་ནག་གི་རྩོམ་པ་པོ་ཞིག་བྲོས་བྱོལ།
སྐུ་ཞབས་ལོའོ་ཡིའུ་ཝོ་ཡིས་དེ་སྔོན་རྒྱ་ནག་ནང་གི་༡༩༨༩ ལོའི་དྲུག་བཞིའི་ངོ་རྒོལ་ཆེན་མོའི་སྐོར་ལ་རྩོམ་ཡིག་བྲིས་པའི་ནག་ཉེས་འོག་རྒྱ་ནག་དམར་གཞུང་གིས་བཙོན་འཇུག་བྱེད་མྱོང་ཡོད་པ་དང་། དེ་རྗེས་ཁོང་གིས་ཕྱི་སྐྱོད་ཆོག་པའི་ལག་ཁྱེར་ཐེངས་བཅུ་བདུན་ལ་ཞུས་ཀྱང་། གཞུང་ནས་ཐོངས་མཆན་མ་སྤྲད་པར་བརྟེན། ད་ཐེངས་ཁོང་ཝི་ཏི་ནམ་གྱི་ས་མཚམས་བརྒྱུད་འཇར་མན་དུ་བྲོས་བྱོལ་ལ་འབྱོར་ཡོད་པ་རེད།
ལོ་འདིའི་ནང་རྒྱ་དམར་གཞུང་དང་ལྟ་བ་མི་མཐུན་པ་ཚོ་ལ་དམ་དྲག་དང་སྦྲགས་སྒྱུ་རྩལ་བ་དང། ཁྲིམས་རྩོད་པ། ལས་འགུལ་བ་བཅས་མང་པོ་གཅིག་མཇུག་གཉིས་མཐུད་ཀྱིས་འཇུ་བཟུང་བཙོན་འཇུག་བྱས་ཡོད་པ་རེད། སྐུ་ཞབས་ལོའོ་ཡིའུ་ཝོ་ཡིས་དྲུག་བཞིའི་དོན་རྐྱེན་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་བ་ཚོའི་སྐོར་གྱི་སྙན་རྩོམ་ཞིག་བྲིས་པའི་རྗེས་རྒྱ་གཞུང་དང་མི་མཐུན་པ་གྱུར་ཡོད་པ་དང། ཁོང་བཙོན་ཁང་དུ་ཡོད་པའི་སྐབས་ཀྱི་མྱོང་ཚོར་བྱུང་བ་རྣམས་བྲིས་པའི་The Bottom Rung of Societyཞེས་པའི་དེབ་ཅིག་བཏོན་ཡོད་པ་རེད། རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་གལ་ཏེ་ཁོང་གི་དཔེ་དེབ་དེ་བཏོན་པ་ཡིན་ན་བསྐྱར་དུ་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་དང། ཁོང་གིས་ཁྲིམས་མཐུན་གཞིར་བཟུང་ཆོག་མཆན་ཞུས་ཡང་དེས་ཕན་ཐོགས་གང་ཡང་མ་བྱུང་བར་བརྟེན། མཐའ་མར་བྲོས་བྱོལ་དུ་ཡོང་དགོས་བྱུང་བ་རེད་ཅེས་གནས་ཚུལ་སྤེལ་འདུག །