གསུང་ཆོས་བར་འཁྱམས་སུ་ཆབ་སྲིད་ཀྱི་རྣམ་པ་མི་མངོན་ཆེད་ཡིན།
དེ་ཡང་ཐེངས་འདིར་ཝ་ཤིང་ཊོན་གྱི་དུས་དབང་སྐབས་བོད་ཀྱི་གཞོན་ལྷན་གྱིས་བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་བཙོང་མཆོག་མིན་སྐོར་ལ་དུས་དབང་གོ་སྒྲིག་ཚོགས་ཆུང་དང་གཞོན་ལྷན་བར་གླེང་རྙོག་བྱུང་བ་དང་། ཟླ་འདིའི་ཚེས་༡༤ ཉིན་བོད་ཀྱི་དབུས་གཞོན་ལྷན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་། དེ་རྗེས་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཚེས་༡༤ འཁོད་པའི་གསལ་བཤད་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་པ་རེད།
ཚོགས་ཆུང་དེའི་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། རེས་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤོན་ཌོན་གྱི་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་དང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོའི་དབར་གཞོན་ནུའི་ཚོང་ཁང་དང་འབྲེལ་བའི་གནས་ཚུལ་བྱུང་སྐོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་ལྷན་ཚོཌ་གནང་བའི་ཐད། དུས་དབང་གྲ་སྒྲིག་ཚོགས་ཆུང་གི་གསལ་བཤད་རགས་ཙམ་ཞུ་རྒྱུར།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་ལྷན་ཚོགས་དེར་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་ཚོགས་མི་གསུམ་ཁྲི་ལྔ་སྟོང་ལྷག་ཡོད་པའི་སྒྲིག་འཛུགས་དང་། བོད་རང་བཙན་མཚོན་པའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་ལ་གུས་བཀུར་མེད་པར་ཁྱད་གསོད་དང་མཐོང་ཆུང་བྱས་ལུགས་གསུངས་འདུག་པ་དེ་དངོས་བདེན་གྱི་གནས་ཚུལ་གཏན་ནས་མིན་ཅིང་། དུས་དབང་སྐབས་སྤྱི་སྒེར་གྱི་ཚོང་ཁང་བཟུང་རྒྱུའི་སྙན་ཞུ་ཕུལ་མཁན་གང་མང་བྱུང་པ་ལྟར་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཚང་མའི་རེ་འདོད་བསྐོང་ཐུབ་པའི་འབད་བརྩོན་གང་ཡོང་ཞུས་ཏེ། གསུང་ཆོས་གོ་སྒྲིག་ཞུ་ཡུལ་ཝ་རའི་ཛོན་ཚོགས་ཁང་གི་འགྲམ་དུ་མིང་ཐོ་འབྱོར་རིམ་ལ་གཞིགས་པའི་གླ་ཡོད་ས་ཁང་ཆ་བགོས་བྱས་ཡོད་ཀྱང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནི་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཧ་ཅང་གལ་ཆེན་ཞིག་ཡིན་པར་བརྟེན། གོ་སྒྲིག་ཚོགས་ཆུང་གིས་བོད་ཀྱི་གཞོན་ལྷན་ཚོགས་ལ་དམིགས་བསལ་བྱས་ཏེ་རིན་མེད་ཐོག་ཚོང་ཁང་གོ་སྒྲིག་མཐུན་འགྱུར་ཞུས་ཡོད།
གོ་སྒྲིག་ཚོགས་ཆུང་གིས་གྲོས་ཆོད་དགོངས་དོན་ལྟར། གསུང་ཆོས་གནང་ཡུལ་ཚོགས་ཁང་ནང་གི་བར་འཁྱམས་སུ་གྲ་སྒྲིག་ཚོགས་ཆུང་རང་གི་ཆོས་ཕྱོགས་དང་འབྲེལ་བའི་ཕྱག་དཔེ་དང་དྲན་བརྟེན་དངོས་པོ་ཚོང་རྒྱུ་ཙམ་ལས། དེ་མིན་སྤྱི་སྒེར་སུ་ལའང་དངོས་ཟོག་ཕྱིར་ཚོང་བྱ་རྒྱུའི་ས་ཆ་དང་མཐུན་རྐྱེན་སྤྲད་མེད། ཡིན་ནའང་། གཞོན་ནུ་ལྷན་ཚོགས་ཀྱིས་རེ་བསྐུལ་ལ་དམིགས་བསལ་བདག་སྤྲོད་དང་མཐོང་ཆེན་བྱས་ཏེ་ཚོགས་ཁང་ནང་གི་བར་འཁྱམས་སུ་དངོས་ཟོག་ཚོང་ཡུལ་གྱི་ས་ཆ་ཕུལ་ཡོད། ཆོས་ཕྱོགས་ཀྱི་ཚོགས་འཛོམས་འདི་ལྟ་བུར་ཕྱི་ཕྱོགས་ནས་གནས་ཚུལ་ཆུང་ཙག་རིགས་ལ་བསྙད་དེ་སྐྱོན་འདོགས་འདྲ་མིན་བཟོ་རྒྱུ་འགོག་ཆེད།ཚོགས་ཁང་བར་འཁྱམས་སུ་ཆབ་སྲིད་ཀྱི་རྣམ་པ་མངོན་རིགས་མི་འབྱུང་བའི་གྲོས་ཆོད་བྱུང་བའི་དགོངས་དོན་བཞིན།གྲ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་གསལ་བཤད་དང་རེ་བསྐུལ་ཞུས་པར་ནུས་པ་མ་ཐོན་པར་བརྟེན།གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོར་གསལ་བཤད་ཆེད་ཕེབས་དགོས་སྐོར་ལན་གསལ་འབྱོར་བ་བཞིན་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས་ཆེད་དུ་ཕེབས་ནས་གནད་དོན་ཡོངས་སུ་གསལ་བཤད་ཞུས་ཡོད།འོན་ཀྱང་གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་གི་གསལ་བཤད་ལ་མཐུན་འགྱུར་ངོས་བཞེས་མ་གནང་བ་དང་།ཚོང་གཉེར་ཁོ་ནར་དམིགས་ནས་ཚོང་ཁང་གི་ས་དམིགས་ཕུལ་པའི་ཆ་རྐྱེན་ཁག་ལ་རྩིས་འཇོག་མ་གནང་བར་བརྟེན། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གསུང་ཆོས་གནང་ཡུལ་ཚོགས་ཁང་གི་བར་འཁྱམས་སུ་ཕུལ་པའི་ཚོང་ཁང་དེ་ཕྱིར་བསྡུ་མི་ཞུ་ཀ་མེད་གྱུར་ནའང་། ཚོགས་ཁང་ཉེ་འཁོར་ས་གནས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཕུལ་པའི་ཚོང་ཁ་དེ་སྔ་སོར་གནས་ཡོད།
ད་ལམ་གྱི་གནས་ཚུལ་དེ་བྱུང་བར་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་བློ་ཕམ་ཡོད་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་གུས་བསྐུར་མ་ཞུས་པ་དང་། མཐོང་ཆུང་བྱས་རིགས་གཏན་ནས་མེད་པ་མ་ཟད། མཐུན་འགྱུར་ཞུ་འོས་གང་ཡོད་ཞུས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་མཛད་བཞིན་པའི་རླབས་ཆེན་གྱི་མཛད་འཕྲིན་ལ་བར་ཆད་ཚད་མའི་རིགས་གཏན་ནས་མི་ཡོང་བ་བྱ་རྒྱུ་ནི་ཆོས་ཞུ་བ་ཡོངས་དང་། ལྷག་པར་བོད་མི་ཚོར་དམིགས་བསལ་འགན་འཁྲི་ཡོད་པ་བཞིན་དངོས་ཡོད་གནས་ཚུལ་གང་ཡིན་གསལ་རྟོགས་ཐུབ་པའི་སྒོ་ནས་རང་སར་འཇོག་གནང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན། ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུས་འཁོར་དབང་ཆེན་གོ་སྒྲིག་ཞུ་མཁན་ཚོགས་ཆུང་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཐོུང་གིས་ཞེས་གསལ་བསྒྲགས་སྤེལ་འདུག །
{jcomments on}