ཁམས་མི་ཉག་རྫོང་ཁོངས་སུ་ཆུ་ལོག་གི་གནོད་སྐྱོན།
དེའི་སྐོར་གསར་འགོད་པས་ཨོ་སུ་ཁྲུ་ལི་ཡར་གནས་སྡོད་མཁན་ཕ་ཡུལ་མི་ཉག་ནས་ཡིན་པ་བརྩོན་འགྲུས་ལགས་སུ་གནས་ཚུལ་དྲིས་བར་ཁོང་གས་གསུང་དོན། ཁ་སང་ཉིན་གུང་ཙམ་ལ་ཕ་ཡུལ་མི་ཉག་ཕྱོགས་ལ་ཆུ་ལོག་གིས་གནོད་པ་ཆེན་པོ་གཏང་འདུག་ཟེར། ད་ལྟ་འབྲེལ་ཡོད་སོགས་ལ་ཁ་པར་འགྲོ་ཁག་པོ་འདུག ཡིན་ཡང་ངའི་ཨ་མ་ལ་ཁ་པར་བཏང་བ་ཡིན་ཏེ་ཨ་མ་ནི་སྐྲག་ནས་གསོལ་བ་སྨོན་ལམ་བྱེད་འདུག་པ་ལས་གནས་ཚུལ་ཞིག་ཕྲ་ཞིག་བཤད་ཤེས་ཀྱི་མི་འདུག ས་གནས་དེའི་འགྲུལ་སྐྱོད་བྱེད་མཁན་གྱི་སྤྱི་སྐྱོད་རླངས་འཁོར་ཆེ་བ་ཞིག་གི་ནང་ལ་འགྲུལ་བ་བཞི་བཅུ་ཙམ་ཞིག་ཆུ་ལོག་གིས་ཁུར་ཡོད་ཚོད་འདུག་ཟེར། དེ་བཞིན་ས་གནས་མི་མང་གི་རྒྱུ་དངོས་ལ་གྱོང་གུད་ཚབས་ཆེ་ཕོག་ཡོད་པ་རེད། ཞིང་པ་རྣམས་ཀྱི་ཞིང་ཁ་སྟོན་ཏོག་ཕོན་ཆེན་ཆུ་ལོག་གིས་ཁུར་ཡོད་པ་དང་དེ་བཞིན་མི་མང་འགྲུལ་སྐྱོད་བྱེད་ཡུལ་གྱི་རྒྱུགས་ཆུའི་ཟམ་ཆེན་བཅུ་ཕྲག་ཅིག་དང་ཡུལ་མིའི་ས་ཁང་། དེ་བཞིན་གློག་གདོང་མང་པོ་ཆུས་ཁུར་ཏེ། ད་ཆ་ས་གནས་དེར་གློག་མེད་པས་འབྲེལ་བ་བྱེད་ཐུབ་མི་འདུག་ཟེར། མདོར་ན་ད་ཆ་ཕ་ཡུལ་གྱི་ས་གནས་མི་མང་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་རེད་ཟེར། ཁ་སང་དགོང་མོ་ནས་ས་གནས་མི་མང་ཚོས་རང་རང་གི་ཁང་སྒོ་རྒྱག་ཐུབ་དང་མ་ཐུབ་སྣ་ཚོགས་དང་འབྲེལ་ཏེ་ཚང་མ་རིའི་སྒང་ལ་གུར་བརྒྱབ་སྟེ་བསྡད་ཡོད་ཀྱང་། སྡོད་གུར་དང་ཟས་གོས་རིགས་ཀྱིས་མ་འདང་བ་དང་དུས་ཐོག་ལ་སྐྱེལ་འདྲེན་བྱེད་མི་ཐུབ་པའི་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བསྡད་འདུག ད་ལྟའི་ཆར་རྒྱ་ནག་གཞུང་ངོས་ནས་མྱུར་སྐྱོབ་གདུང་སེེལ་བྱེད་མཁན་གྱི་མི་སྣ་དེ་འདྲ་གང་ཡང་སླེབས་མི་འདུག་ཟེར། ས་གནས་མི་མང་གི་ཁང་ཁྱིམ་ཅ་དངོས་སེམས་ཅན་མང་པོ་ཞིག་ད་ཐེངས་ཀྱི་ཆུ་ལོག་གིས་ཁུར་ཏེ་ཉག་ཆུའི་ནང་ཕར་འདྲེས་ཡོད་པ་རེད་ཟེར། ད་ཐེངས་ཀྱི་ཆུ་ལོག་གིས་རྐྱེན་པའི་རི་བོ་ཉུལ་ནས་འགྲོ་ལབ་འགག་པ་དང་། ཟམ་པ་དང་ས་ཞིང་ཁུར་བ་སོགས་ད་སྔོན་ས་གནས་དེར་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་ཞིག་རེད་ཅེས་གནས་ཚུལ་འགྲེལ་བརྗོད་བྱས་སོང་།
ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་ཨོ་སུ་ཁྲུ་ལི་ཡའི་སི་ནེ་གྲོང་ཁྱེར་ནས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༤ ལ།།
{jcomments on}