ཁམས་ནང་ཆེན་གྱི་གྲྭ་པ་བརྒྱད་འཛིན་བཟུང་བཀག་ཉར།
དེ་ཡང་ལོ་སྔོན་མའི་ནང་ཁམས་ནང་ཆེན་དུ་ས་ཡོམ་གྱིས་གཏོར་སྐྱོན་བྱུང་བའི་སྡོད་ཁང་གསར་རྒྱག་ལེགས་གྲུབ་ཀྱི་དགའ་སྟོན་རྟེན་འབྲེལ་བྱེད་དགོས་སྐོར་ལ་རྒྱ་གཞུང་གིས་ཁ་གཡར་ནས། བོད་ཞི་བའི་བཅིངས་གྲོལ་ཐོབ་ནས་མི་ལོ་ཧྲིལ་བོ་དྲུག་ཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས་རྒྱ་གཞུང་གི་དཔོན་རིགས་ཚོ་སྣེ་ལེན་ཟབ་རྒྱས་ཐོག་དགའ་སྟོན་རྒྱ་ཆེན་པོ་བྱེད་དགོས་སྐོར་བཙན་བཀའ་བཏང་ཡོད་འདུག་ཀྱང་། ཁམས་ནང་ཆེན་ཟུར་མང་སྡེ་དགོན་གཉིས་ཀྱི་སེར་སྐྱ་མི་མང་ཡོངས་ཀྱིས་ངོས་ལེན་བྱས་མེད་པ་མ་ཟད། སྦྱར་ཡིག་འདྲ་མིན་གང་སར་འགྲེམས་བཀྲམ་བྱས་ཡོད་པའི་ནང་། སྤྱིར་བཏང་ས་གནས་འདིར་སྔ་ལོ་ས་ཡོམ་གྱིས་མི་རྒྱུ་གཉིས་ལ་གོད་ཆག་ཧ་ཅང་ཆེན་པོ་བཟོས་ཡོད་པ་དང་། ལྷག་པར་དུ་དུས་ཚོད་འདི་དང་སྟབས་བསྟུན་ནས་དགའ་སྟོན་བྱེད་ཐུབ་ཐབས་གཏན་ནས་ཡོད་པ་མ་རེད་ཅེས་སོགས་བརྗོད་ནས་ངོ་རྒོལ་བྱས་ཡོད་ཀྱང་། རྒྱ་གཞུང་གིས་མུ་མཐུད་ནས་བཙན་བཀའ་བཏང་བར་བརྟེན། དུས་ཚོད་དེ་དང་སྟབས་བསྟུན་ནས་ཁམས་ནང་ཆེན་ཟུར་མང་དགོན་པའི་དགེ་འདུན་པ་ཡོངས་ཀྱིས་ཆོས་མཚམས་བཞག་ནས་དགོན་པ་ནས་ཕྱིར་ཐོན་དགོས་བྱུང་ཡོད་པ་རེད་འདུག །
མོན་གྷོ་གསར་འགོད་པས།