དཀར་མཛེས་སུ་བཙུན་མ་གསུམ་ལ་ཁྲིམས་ཐག་བཅད་པ།
དེ་ཡང་སེར་བྱེས་ཏྲེ་གྲྭ་དཀར་མཛེས་པདྨ་ཚེ་དབང་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། གོང་གསལ་དཀར་མཛེས་རྫོང་མི་དམངས་ཁྲིམས་ཁང་བཙུན་མ་བྱམས་པ་ཆོས་སྒྲོན་དང་། ཞེ་ལྷ་མོ། དབྱངས་ཅན་ནམ་བཀྲ་ཤིས་ཚེ་མཚོ་བཅས་ལ་ལོ་༣ རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། ཟླ་འདིའི་ཚེས་༧ ཉིན་དཀར་མཛེས་རྫོང་། ཐིང་ཁ་ཤང་གི་ལས་བྱེད་ཁག་ཅིག་གིས་འབྲེལ་ཡོད་ས་གནས་དེའི་བོད་མི་འགའ་ཤས་ལ་དེ་རིང་དཀར་མཛེས་སྤྱི་བདེ་ལས་ཁུངས་ནས་ཡི་གེ་ཞིག་འབྱོར་ཚུལ་དང་། གོང་གསལ་བཙུན་མ་གསུམ་ལ་ལོ་གསུམ་རེའི་ཁྲིམས་ཐག་བཅད་ཡོད་པ་སོགས་བརྗོད་འདུག
ཁོང་ཚོ་གསུམ་ཟླ་སྔོན་མའི་ཕྱི་ཚེས་༡༥ ཉིན་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་སྐད་འབོད་བྱས་པར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ཞིག་ཪེད། དེ་ཡང་ཕྱི་ལོ་༢༠༡༡ ཟླ་༦ ཚེས་༡༥ སྟེ་ས་ག་ཟླ་བའི་ཚེས་༡༥ ཉིན་དཀར་མཛེས་དགེ་མ་བྲག་དགོན་གྱི་བཙུན་མ་བྱམས་པ་ཆོས་སྒྲོན་དང་། ཞེ་ལྷ་མོ། དབྱངས་ཅན་ནམ་མཚན་གཞན་བཀྲ་ཤིས་ཚེ་མཚོ་གསུམ་གྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ་ཤོག ང་ཚོར་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་བའི་ངོ་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་། དམག་མིས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་འདུག
རང་ལོ་༣༡ ཡིན་པ་བྱམས་པ་ཆོས་སྒྲོན་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ཐིང་ཁ་ཤང་། ཇོ་ཁང་ནང་ཞེས་པའི་གྲོང་དུ་ཕ་དངོས་གྲུབ་ཕུན་ཚོགས་དང་། མ་ཡ་དགའ་གཉིས་ཀྱིས་བུ་མོ་ཡིན་འདུག བཙུན་མ་ཞེ་ལྷ་མོ་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ཐིང་ཁ་ཤང་། ཐིང་ཁ་གྲོང་ནས་ཕ་རྡོ་རྗེ་བཟང་པོ་དང་མ་པདྨ་མཁའ་འགྲོ་གཉིས་སུ་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཡས་མས་ཤིག་རེད་འདུག བཙུན་མ་དབྱངས་ཅན་ནམ་མཚན་གཞན་བཀྲ་ཤིས་ཚེ་མཚོ་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། འབྲོག་སྡེ་ཤིག་ཡིན་འདུག ཁོང་གིས་ཕ་བློ་བཟང་སྟོབས་ལྡན་དང་མ་པད་དབྱངས་གཉིས་ཡིན་པ་དང་། ད་ལྟར་རང་ལོ་༢༨ ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།