སི་རི་ཡའི་ནང་ད་བར་གྱི་ཞི་རྒོལ་ཆེ་ཤོས།
ཉིན་དེར་མི་སེར་ཁྲི་ཕྲག་མང་པོ་འདུ་འཛོམ་བྱུང་སྟེ་གཞུང་གི་དམ་དྲག་ཆེ་སའི་ས་ཁུལ་དུ་ཕྱིན་ཏེ། “ང་ཚོར་སྲིད་འཛིན་བྷ་ཤར་ཨས་སྰཌ་ཁྱེད་རང་མི་དགོས། སི་རི་ཡ་བཞག་ནས་རྒྱུགས་ཤིག ”ཅེས་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་སྐད་འབོད་བྱས་པ་དང། གཞུང་གི་དམག་དཔུང་གིས་ཁོང་ཚོའི་ཐོག་ལ་མེ་མདའ་བརྒྱབ་པ་བརྟེན། མི་ ༡༧ བསད་པ་དང། ༡༠༠ སྨས་སྐྱོན་དུ་བཏང་ཡོད་པ་རེད། མི་མང་གུས་མི་འབོར་འདུ་འཛོམས་ཆེ་བའི་ནུས་པ་སྟོན་ཕྱིར་སི་རི་ཡིའི་རྒྱལ་སའི་ནང་དུ་ད་བར་བྱུང་མ་མྱོང་བའི་འདུ་འཛོམས་བྱས་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་༣ ནས་བཟུང་སི་རི་ཡའི་མི་སེར་ཚོས་ངོ་རྒོལ་བྱེད་འགོ་བཙུགས་པ་དང། དེ་དག་གི་ཐོག་ལ་གཞུང་གིས་དྲག་རྒོལ་ནན་པོ་བྱེད་ཐབས་བྱས་ཡོད་ཀྱང་། དེ་ལ་མི་སེར་ཚོས་སྙིང་སྟོབས་མ་ཞུམ་པར་ད་ཐེངས་ཡང་ངོ་རྒོལ་བྱས་ཡོད་པ་རེད། ད་རེའི་ཞི་རྒོལ་བྱེད་ཡུལ་གྱི་ས་ཆ་ཁག་ནི་རྒྱལ་ས། གྲོང་ཁྱེར་ཧཱོམ་ས་དང་ཧ་མ། དེ་བཞིན་གྲོང་ཁྱེར་ཁག་ཅིག་ཡིན་པ་རེད། སི་རི་ཡའི་སྲིད་འཛིན་སྐུ་ཞབས་བྷ་ཤར་ཨས་སྰཌ་ཀྱིས་སི་རི་ཡའི་ནང་དུ་མང་གཙོ་བཅོས་སྒྱུར་བྱ་རྒྱུའི་ཁས་ལེན་རིམ་པ་ཞིག་བྱས་ཡོད་ཀྱང་དེ་ལ་མི་མང་གིས་ཡིད་ཆེས་བྱེད་ཀྱི་མེད་པ་རེད། རང་ལོ་ ༤༥ སོན་པའི་སྲིད་འཛིན་བྷ་ཤར་ཨས་སྰཌ་ལ་ ༢༠༠༠ ལོར་སི་རི་ཡ་ཐོག་ཏུ་དབང་བསྒྱུར་བྱེད་པའི་དབང་ཚད་དེ་ཕ་རྒྱུད་ལས་ཐོབ་ཡོད་པ་དང། དེའི་སྐབས་སུ་ཁོང་གི་ཕས་སི་རི་ཡ་ལ་དབང་སྒྱུར་བྱས་ནས་ལོ་ངོ་སུམ་ཅུ་ཙམ་འཁོར་ཟིན་ཡོད་པ་རེད།།
{jcomments on}